༢༠༡༠ ཟླ་ ༨ ཚེས་ ༡༣ རེས་གཟའ་པ་སངས།
༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢ ཉིན་བལ་ཡུལ་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ལོ་འཁོར་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་སྤེལ་བའི་ནང་བོད་མིའི་སློབ་གྲྭ་ཁག་གི་འགྲུབ་འབྲས་ལེགས་ཐོན་བྱུང་འདུག གནས་ཚུལ་འབྱོར་གསལ་ལྟར། རྣམ་རྒྱལ་མཐོ་རིམ་སློབ་གྲྭའི་སློབ་ཕྲུག ༦༢ ཡོད་པའི་ནང་ནས་སློབ་ཕྲུག ༥༥ ཨང་སྡེ་དང་པོ་དང་། སློབ་ཕྲུག་གྲངས་ ༧ ཨང་སྡེ་གཉིས་པ་ལོན་ནས་རྒྱུགས་འཕྲོད་བརྒྱ་ཆ་ ༡༠༠ ལོན་ཐུབ་པ་བྱུང་ཡོད། གཞན་ཡང་སྲོང་བཙན་སློབ་གྲྭའི་སློབ་ཕྲུག་གྲངས་ ༤༠ ཡོད་པའི་ནང་ནས་སློབ་ཕྲུག་ ༡ གཟེངས་ཐོན་ཁོངས་སུ་རྒྱུགས་འཕྲོད་ཡོད་པ་དང། སློབ་ཕྲག་གྲངས་ ༣༣ ཨང་སྡེ་དང་པོ། སློབ་ཕྲུག་གྲངས་ ༦ ཨང་སྡེ་གཉིས་པ་ལོན་ནས་རྒྱུག་འཕྲོད་བརྒྱ་ཆ་ ༡༠༠ ལོན་ཐུབ་པ་བྱུང་ཡོད། དེ་བཞིན་བལ་ཡུལ་སྤོག་རཱ་ཨེས་ཨོ་ཨེས་སློབ་གྲྭའི་སློབ་ཕྲུག་ཆ་ཚང་གྲུབ་འབྲས་ལེགས་ཐོན་བྱུང་ཡོད། ད་ལན་བལ་ཡུལ་རྒྱལ་ཡོངས་ནང་སློབ་ཕྲུག་ཁྱོན་བསྡོམས་གྲངས་ ༤༡༢༥༩༢ ཡོད་པ་ནས་སློབ་ཕྲུག་གྲངས་ ༢༤༧༦༨༩ ཡིག་རྒྱུགས་འཕྲོད་དེ་བལ་ཡུལ་རྒྱལ་ཡོངས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༦༤། ༣༡ ཐམ་པ་ཡིན་པའི་གནས་ཚུལ་བཅས།