༢༠༡༠ ཟླ་ ༨ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༥ ཉིན་མཚན་མོ་ལ་དྭགས་ཀྱི་རྒྱལ་ས་སླེ་སོགས་སུ་ཆུ་ལོག་གི་གོད་ཆག་ཤུགས་ཆེ་བྱུང་བར་བརྟེན་བཙན་བྱོལ་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་འདི་ཟླའི་ཚེས་ ༡༢ ཉིན་ས་གནས་སུ་ཆེད་ཕེབས་ཀྱིས་གོད་ཆག་ཕོག་པ་རྣམས་ལ་རྟོག་ཞིབ་སོགས་གནང་ཡོད།
དེ་ཡང་འདི་གའི་གསར་འགོད་པས་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ་ལ་དྭགས་ལ་ཆུ་ལོག་གི་གོད་ཆག་བྱུང་བའི་གནས་ཚུལ་སྐོར་ལ་བཅའ་འདྲི་ཞུ་སྐབས་ཁོང་གིས་གསུང་དོན། ད་རེས་ལ་དྭགས་སུ་སྤྲིན་པ་བརྡོལ་ཏེ་ཆུ་ལོག་བྱུང་རྐྱེན་ཏེ་ས་གནས་ཡུལ་མི་གཙོ་བོར་གྱུར་བའི་བོད་རིགས་ཚོར་གོད་ཆག་ཤུགས་ཆེ་བྱུང་བའི་ནང་ང་ཚོ་བོད་པའི་གཞིས་ཆགས་བསོད་ནམས་གླིང་གི་ནང་ལ་གྲོང་སྡེ་བཅུ་བཞི་ཡོད་པའི་ནང་གཉིས་ལ་གོད་ཆག་ཤུགས་ཆེན་པོ་བྱུང་བའི་གནས་ཚུལ་ཐོན་འཕྲལ་ནང་སྲིད་ལས་ཁུངས་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྟབས་དངོས་སུ་ས་གནས་ས་ཐོག་ལ་རྟོག་ཞིབ་སླད་བཅར་བ་ཡིན།
ལ་དྭགས་ཀྱི་རྒྱལ་ས་སླེ་ཁུལ་དང་ལྕག་ལམ་སར་ཧ་ཅང་གོད་ཆག་ཤུགས་ཆེ་བྱུང་འདུག དེའི་ནང་ནས་ཡུལ་པར་མཚོན་ན་མི་གྲངས་ ༡༦༩ ཙམ་འདས་གྲོངས་ཕྱིན་ཡོད་པ་མ་ཟད། མི་གྲངས་ ༤༠༠ ཙམ་གར་སོང་ཆ་མེད་གྱུར་ཏེ་གང་ལྟར་འདམ་རྙོག་འོག་ཚུད་པ་དང་ཆུས་འཁྱེར་ཏེ་ཚང་མ་འདས་གྲོངས་སུ་ཕྱིན་པ་མ་གཏོགས་འཚོལ་ཐབས་མི་འདུག སྟབས་ལེགས་པ་ཞིག་ལ་ང་ཚོ་བོད་པར་དེ་ལྟ་བུའི་སྐྱོན་ཆགས་ཞེ་དྲག་བྱུང་མེད། བོད་པ་སྲོག་སྐྱོན་བྱུང་བ་མི་གྲངས་ ༣ བྱུང་འདུག དེ་ཡང་ང་ཚོ་གཞིས་ཆགས་ཀྱི་ཁོངས་སུ་མིན་པར་སྡོད་གནས་སླེ་རྒྱལ་སའི་གཡས་གཡོན་ལ་ཡོད་པར་བརྟེན་སྐྱོན་ཆགས་བྱུང་སྟེ་མི་གཅིག་ལ་རྨས་སྐྱོན་ཕོག་འདུག དེ་བཞིན་བོད་པ་རང་གི་ཐོག་ད་ལྟ་བར་ཤི་ཆད་གང་ཡང་བྱུང་མི་འདུག འོན་ཀྱང་གཞིས་ཆགས་སུ་གྲོང་སྡེ་ ༡༠ དང་ ༡༡ ། ༡༢ གསུམ་ཆུ་ལམ་དུ་འཁེལ་དུས་གོད་ཆག་ཤུགས་ཆེ་བྱུང་སྟེ་མང་ཆེ་བའི་ཁང་པ་ཆུས་འཁྱེར་ཏེ་རྩ་མེད་དུ་ཕྱིན་འདུག་ལ་ཁང་པ་ ༡༠༠ ལྷག་གི་ནང་ཆུ་ལོག་འདམ་རྙོག་གིས་ཁེངས་ཡོད་པ་མ་ཟད། ཁང་པའི་རྒྱུ་ཆ་ས་ཕག་དང་བརྩིགས་གདན་མེད་པ་ཡིན་དུས་གཞའ་ཚན་གྱི་རྒྱུན་རིང་ལྷག་ན་ཕལ་ཆེར་འཕྲོ་བརླག་ཤོར་རྒྱུའི་ཉེན་ཁ་འདུག མི་དེ་དག་ལ་མངའ་སྡེའི་གཞུང་ནས་སྡོད་གུར་གྱི་མཐུན་རྐྱེན་གནང་བ་དང་བོད་མི་མང་ཆེ་བ་ཞིག་རང་ཉིད་ལ་གུར་བདག་ཉར་ཡོད་པ་སོགས་གནོད་འཚེའི་དངོས་སུ་ཕོག་ཡུལ་གྱི་མི་བརྒྱ་ཙམ་གུར་གི་ནང་བསྡད་ཡོད། དེ་མིན་ཆུ་ལོག་ཤུགས་ཆེན་བྱུང་སྐབས་ད་དུང་བསྐྱར་དུ་ཆུ་ལོག་རྒྱག་གི་རེད་ཅེས་འབྲུག་སྐད་ཅུང་ཞིག་གྲགས་པ་དང་མི་རྣམས་ས་མཐོ་སར་བྲོས་ཏེ་སྡོད་བཟོད་མི་བདེ་བར་ཡུལ་བོད་གཉིས་ཀ་དངངས་འཚབ་དང་སྡུག་བསྔལ་ཐོག་གནས་འདུག དེ་བཞིན་བསོད་ནམས་གླིང་གཞིས་ཆགས་སུ་མ་ཡུར་ཆེན་པོ་ཞིག་ཡོད་པ་དེར་མི་ཊར་ ༢ ཙམ་ཞིག་འདམ་རྙོག་གིས་ཁེངས་ཏེ་གཡས་གཡོན་ལ་ཡོད་པའི་ཞིང་ཁ་ཨེ་ཀར་ ༤༥༠ ཙམ་ཡོད་པ་ཆ་ཚང་སྟོན་ཉེས་ལ་གྱུར་འདུག གུར་དང། གདན། མལ་ཟན། བཟའ་ཆས་ཐད་རྒྱ་གར་དབུས་གཞུང་ནས་ཕྲན་བུ་གནང་བ་དང་ང་ཚོ་བོད་པ་ནང་ཁུལ་ཞལ་འདེབས་བསྡུས་ཏེེ་སུད་ཚོང་དུ་སླེབས་པ་ཚོས་གྱོན་ཆས་སོགས་ཀྱི་ཞལ་འདེབས་དང་། ང་ཚོའི་དང་སློབ་དམག་སྒར་གྱིས་ཤུགས་ཆེའི་རྒྱབ་སྐྱོར་དུ་བཟའ་ཆས་དང་། ཉིན་ལྟར་མི་གྲངས་ ༥༠ ལས་མི་ཉུང་བའི་འདམ་རྙཽག་གཙང་བཟོའི་ལས་འགོ་ཚུགས་ཟིན་འདུག ལྷག་པར་ལ་དྭགས་སུ་ཕྱི་ཟླ་ ༩ ནས་གནམ་གཤིས་གྲང་དུ་འགྲོ་བ་དང་ཕྱི་ཟླ་ ༡༠ ནས་ལ་སྒོ་བརྒྱབ་འགྲོ་དུས་ད་ལྟའི་ཟླ་བ་གཉིས་གསུམ་ནང་ཛ་དྲག་གི་ལས་ཀ་ཤུགས་ཆེ་ཙམ་བྱེད་ཐུབ་ན་ཕན་ཐོགས་ཡོང་ངེས་ལས་སྒོ་མ་ཕྱེ་བར་སྒུག་དགོས་བྱུང་ན་དངུལ་ཡོད་ཀྱང་མཁོ་སྒྲུབ་ཞུ་རྒྱུ་ཁག་པོ་ཆགས་འདུག ང་ཚོ་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་ཕྱི་ནང་ཚང་མར་ཞལ་འདེབས་ཀྱི་འབོད་སྐུལ་ཞུས་ལྟར་ཞལ་འདེབས་རྒྱ་མི་ཆུང་ཞིག་མགྱོགས་ནས་མྱུར་དུ་བྱུང་བ་ཡིན་ན་མི་མང་གི་དཀའ་ངལ་སེལ་རྒྱུར་གང་མྱུར་གྱི་ཐུགས་ཕན་གསོས་པ་འདུག ང་ཚོའི་ངོས་ནས་ཛ་དྲག་གི་གུན་སྐྱོབ་ལས་གཞིའི་ཆེད་དུ་ས་གནས་སུ་ཚོགས་ཆུང་ཞིག་བཙུགས་ཡོད།དེ་བཞིན་བཙན་བྱོལ་གཞུང་བརྒྱུད་ནས་རོགས་རམ་ཚོགས་པ་ཁག་ལ་སྐྱབས་འཇུག་ཞུ་རྒྱུ་དང་འཆར་གཞི་བཟོ་རྒྱུ་འབད་བརྩོན་བྱས་ཏེ་གང་རགས་ཐབས་ཤེས་ཞུ་རྒྱུ་དང་། གལ་ཆེ་བ་ཞིག་ནི་རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་ནས་ཡུལ་པར་གང་རགས་ཀྱི་ཡོད་པ་དེ་དང་ཅི་འདྲ་གཅིག་མཚུངས་ཞིག་མ་བྱུང་ནའང་མང་ཉུང་མ་ལྟོས་པ་བོད་པར་ལའང་རགས་དགོས་པར་སོང། དེར་བརྟེན་ཁ་སེང་ལ་དྭགས་སུ་བཅར་སྐབས་རྫོང་གི་དཔོན་རིགས་དང་གནད་ཡོད་མི་སྣ་ཡོངས་རྫོགས་ཀྱི་མདུན་དུ་བཅར་ཏེ་ཡིག་ངག་གཉིས་ཀ་ནས་སྙན་སེང་ཞུས་པ་ཡིན་དེ་གཞི་བཟུང་ད་ལྟ་ཡིན་ནའང་གནང་གི་འདུག་མ་འོངས་པར་ཡིན་ནའང་མུ་མཐུད་གནང་གི་རེད། ང་ཚོ་བཙན་བྱོལ་གཞུང་གི་ལས་གཞི་རྒྱ་ཆེན་པོ་ཡིན་དུས་འཆར་གཞི་ཞིག་ཉིན་ལྔ་དྲུག་ནང་ཚར་གྱི་ཡོད་ལས་དོན་འདི་འདྲ་ཞིག་སྤེལ་རྒྱུའི་ཁ་གསལ་དུ་འགྲོ་གི་རེད་བསམ་གྱི་འདུག སྤྱི་ཡོངས་ནས་ལྟ་དུས་གོད་ཆག་ཤུགས་ཆེན་པོ་ཡིན་དུས་བསྐྱར་བཟོ་བྱེད་པ་ལའང་དུས་ཚོད་འགོར་གཞི་ཆེན་པོ་རེད་འདུག ཅེས་སོགས་ངོ་སྤྲོད་བྱུང་བ་བཅས།།