ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལི་གཙུག་ལག་སློབ་ཁང་གི་དགེ་ལས་སློབ་ཕྲུག་ཁག་གཅིག་དང་ལྷན་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་ལམ་སྟོན་བཀའ་སློབ་སྩལ་གྲུབ་བསྟུན་ཚོགས་བཅར་བའི་དྲི་བར་བཀའ་ལན་སྩལ་དོན། གལ་སྲིད་ང་ཚོས་ཞི་བདེ་དང་ལྡན་པའི་འཛམ་གླིང་ཞིག་འདོད་ཀྱི་ཡོད་ན། ནུས་པ་ཐོན་པ་དང་ལག་ལེན་བསྟར་རྒྱུ་ཡོད་པའི་ཐབས་ལམ་ཞིག་བེད་སྤྱོད་བྱེད་དགོས། དེ་ཡང་རྙོག་གྲ་དེ་དག་ལ་གདོང་ལེན་བྱེད་སྐབས་དམག་དཔུང་བེད་སྤྱོད་མ་བྱས་པར་ཞི་མོལ་བྱེད་དགོས་པ་ཡིན། ང་ཚོ་བོད་ཀྱི་གནད་དོན་ལ་ཆ་མཚོན་ནའང་། རྒྱ་ནག་གཞུང་དང་འཐབ་འཛིང་བྱ་རྒྱུ་མིན་པ་དེ་དམ་བཅའ་བརྟན་པོ་ཡོད། ང་ཚོས་བསམ་བློ་གཏོང་ས་གཙོ་བོ་དེ་རིན་ཐང་ཅན་གྱི་བོད་མིའི་ནང་ཆོས་དང་འབྲེལ་བའི་རིག་གཞུང་དེ་ཡིན། ངོས་ཀྱིས་རྒྱུན་དུ་ནང་ཆོས་དང་ནང་ཆོས་དང་འབྲེལ་བའི་རིག་གཞུང་དབར་དབྱེ་བ་ཕྱེ་གི་ཡོད། ནང་ཆོས་འདི་ནང་པའི་ཆེད་དུ་ཡིན་ཡང་ནང་ཆོས་དང་འབྲེལ་བའི་རིག་གཞུང་དེ་སྤྱི་ཚོགས་སྤྱིའི་ཆེད་དུ་རེད། སྤྱི་ཚོགས་ནང་ཡེ་ཤུ་དང་ཁ་ཆེ། ཆོས་དད་མེད་མཁན་ཡང་ཡོད། འདས་པའི་ལོ་གཉིས་ཙམ་གྱི་ནང་ངོས་ལ་རྒྱ་མིའི་མཁས་དབང་མང་པོ་ཐུག་བྱུང། དེ་དག་མང་ཆེ་བ་རྒྱ་ནག་སྐམ་ས་ཆེན་པོ་ནས་རེད། ཁོང་ཚོ་ཁ་ཤས་ཀྱིས་འདས་པའི་ལོ་ངོ་ཆིག་སྟོང་གོང་ནས་ཡོད་པའི་རྒྱ་ནག་གི་རིག་གཞུང་གི་རིན་ཐང་དེ་ད་ཆ་མེད་པ་ཆགས་ཀྱི་འདུག་ཅེས་མིག་མཆུ་གཏོང་བཞིན་བརྗོད་ཀྱི་འདུག དེ་བཞིན་མ་འོངས་པའི་འགྲོ་བ་མིའི་རིན་ཐང་བསྐྱར་གསོ་བྱ་རྒྱུའི་ཐད་ཁོང་ཚོས་དོ་སྣང་བྱེད་ཀྱི་འདུག དེའི་ཐད་ཁོང་ཚོས་བོད་མི་རྣམས་ལ་རེ་བ་ཆེན་པོ་བྱེད་ཀྱི་འདུག ང་ཚོའི་དམིགས་ཡུལ་གཙོ་བོ་དེ་ཡང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་ཡིན། དེ་ནི་བོད་མི་ས་ཡ་དྲུག་གིས་གནད་དོན་གཅིག་པུ་མིན་པར་རྒྱ་རིགས་གཞོན་སྐྱེས་ས་ཡ་མང་པོ་དང་འབྲེལ་བ་ཡོད་པ་ཞིག་རེད། བོད་མི་ཚང་མ་དཔལ་འབྱོར་ཕུན་སུམ་ཚོགས་པོ་བྱུང་ན་བསམ་གྱི་ཡོད། གནད་དོན་དེ་ལ་ཆ་མཚོན་ནའང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ལ་བསྡད་ན། རྒྱ་ནག་དེ་དཔལ་འབྱོར་དང་ཕྱི་དངོས་པོའི་ཡར་རྒྱས་ཆེན་པོ་ཡོད་སྟབས་ང་ཚོར་ཁེ་ཕན་ཡོད་པ་ཞིག་ཡིན། དེ་དང་ཕྱོགས་མཚུངས་ང་ཚོར་མིང་དོན་མཚུངས་པའི་རང་སྐྱོང་ཞིག་དགོས་ཀྱི་ཡོད། དེ་བརྒྱུད་ནས་བོད་མི་རིགས་དང་རིག་གཞུང་གི་ངོ་བོ། དེ་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་ཐུབ་པ་ཙམ་མ་ཟད། བོད་ཀྱི་ཁོར་ཡུག་ལའང་ཡང་དག་པའི་སྲུང་སྐྱོབ་ཐུབ་ཀྱི་རེད། བོད་ཀྱི་ཁོར་ཡུག་ལ་སྣང་མེད་བཏང་ཚེ་རྒྱ་ནག་ནང་ལའང་དཀའ་ངལ་ཡོང་རྒྱུ་ཡིན། བོད་ནང་ཚད་ལས་བརྒལ་བའི་ཤིང་ནགས་གཅོད་འབྲེག་བྱས་པར་བརྟེན། བསམ་ཡུལ་ལས་འདས་པའི་ཆུ་ལོག་ཡོང་གི་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྟོབས་ཤུགས་ག་ཚོད་ཆེན་པོ་ཡིན་ཡང། འཛམ་གླིང་གི་ཆ་ཤས་ཡིན་སྟབས་རྒྱ་ནག་གཞུང་ནས་འཛམ་གླིང་སྤྱིའི་འགྲོ་སར་འགྲོ་དགོས་ཀྱི་འདུག འཛམ་གླིང་འདི་ཕྱི་གསལ་ནང་གསལ་བྱས་ནས་འགྲོ་སྐབས་རྒྱ་ནག་འགྲོ་ལམ་གཞན་ཞིག་ལ་ཕྱིན་ན། དངོས་ཡོད་ཀྱི་གནས་ཚུལ་དང་མི་མཐུན་པ་ཞིག་ཡིན། ཁྱེད་རང་ཚོས་དེའི་ཐོག་ག་རེ་དྲན་གྱི་འདུག་ཅེས་བཀའ་སློབ་ཕེབས་ཡོད། དེ་བཞིན་ཉིན་རྒྱབ་སྟོང་ལོ་གསར་པའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོབ་བཀའ་སློབ་སྩལ་ཏེ་ཚོགས་བཅར་བའི་དྲི་བར་བཀའ་ལན་ཡང་སྩལ་ཡོད་པ་བཅས། །