༢༠༡༠ ཟླ་ ༨ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༦ རེས་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་ས་ཁུལ་ཇི་སི་པར་ (Jispa) ཆིབས་སྒྱུར་སྐྱོང་སྐབས་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ལག་ཏུ་སྤོས་སྣེ་དང་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་སྐྱེལ་ཞུས་ཡོད། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕེབས་ལམ་དུ་ཀུ་ལུའི་ནང་རྟེན་གཞི་བྱས་པའི་དྭགས་པོ་བཤད་སྒྲུབ་གླིང་དགོན་པར་སྐུ་ངལ་གསོ་གནང་མཛད་རྒྱུ་ཡིན་འདུག དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢། ཙམ་ལ་རྒྱ་གར་བྱང་ཕྱོགས་མ་ནཱ་ལིའི་ཉེ་འགྲམ་ཀུ་ལུའི་ནང་རྟེན་གཞི་བྱས་པའི་དྭགས་པོ་བཤད་སྒྲུབ་གླིང་དགོན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞབས་སོར་འཁོད་སྐབས་དགས་པོ་རིན་པོ་ཆེ་གཙོས་དད་ལྡན་སེར་སྐྱ་མང་ཚོགས་དང་། གཞན་ཡང་དྭགས་པོ་རིན་པོ་ཆེའི་སློབ་མ་ཕ་རན་སི་དང་མ་ལེ་ཤི་ཡའི་མི་རིགས་ཀྱི་དད་ལྡན་སློབ་མ་ཁག་གཅིག་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཚེས་ ༡༧ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགས་པོ་བཤད་སྒྲུབ་གླིང་དགོན་པར་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་མ་ཟད། ཉིན་རྒྱབ་པ་ཏི་ལི་ཀུལ་ (Patlikuhl) བོད་ཁྱིམ་ལས་རིགས་སློབ་ཁང་དུ་ (VTC) ཆིབས་སྒྱུར་བསྐྱང་སྟེ་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།