༢༠༡༠ ཟླ་ ༧ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཝང་ལི་ཞུང་བརྒྱུད་རྒྱ་རིགས་མི་གྲངས་ 1558 ཀྱིས་ྋགོང་ས་མཆོག་ལ་དྲི་བ་ 317 ཕུལ་ཡོད། དྲི་བ་དེ་དག་ལ་འདེམ་ཤོག་བླུགས་མཁན་མི་གྲངས་ 11705 བྱུང་འདུག་པ་དང་། དེ་དག་གི་ནང་ནས་དོ་སྣང་ཆེ་ཤོས་བྱེད་པའི་གལ་གནད་ཅན་གྱི་དྲི་བ་བཅུ་ལ་ཕྱི་ཟླ་ 7 ཚིས་ 16 ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཞུགས་སྒར་ཕོ་བྲང་ནས་བཀའ་ལན་སྩལ་བ་དེ་དག་ཕྱི་ཚེས་ 19 ཉིན་ནས་བཟུང་ྋགོང་ས་མཆོག་གི་རྒྱ་ཡིག་འཕྲུལ་སྒྲའི་དྲ་གནས་ཐོག་བཏོན་ཡོད།
དྲི་བ་དང་པོ། ད་ལྟའི་གནས་སྟངས་ཀྱི་ཐོག་ནས་ལྟས་ན། ྋགོང་ས་མཆོག་གི་སྐུ་ཚེའི་རིང་རྒྱ་ནག་གཞུང་མཉམ་ཞི་འགྲིག་ཡོང་ཐབས་དཀའ་བས། ྋགོང་ས་མཆོག་དགོངས་པ་རྫོགས་རྗེས་ལྟ་བ་མཁྲེགས་པོ་འཛིན་མཁན་གཞོན་ནུ་ཚོགས་པར་ྋགོང་ས་མཆོག་གིས་བཏང་འཛིན་མེད་ན་གཞི་རྒྱ་ཆེ་བའི་འཇིགས་བསྐུལ་གྱི་ལས་དོན་བྱེད་སྲིད་དམ། གཞོན་ནུ་ཚོགས་པ་འཇིགས་བསྐུལ་གྱི་ཕྱོགས་སུ་བསྐྱོད་རྒྱུར་བཀག་འགོག་གི་ཐབས་ལམ་ཡོད་དམ།
བཀའ་ལན། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་ང་འདས་པའི་རྗེས་ལ་ཡིན་ནའང་བཙན་བྱོལ་གྱི་སྒྲིག་འཛུགས་དང་གལ་ཆེ་ཤོས་ཤེས་ཡོན་གྱི་ཕྱོགས་ནས་མུ་མཐུད་ཡར་རྒྱས་འགྲོ་གི་རེད། དེ་ནས་གལ་ཆེ་བ་གཞན་ཞིག་ནི་ཆོས་བརྒྱུད་སོ་སོའི་ནང་ནས་ལོ་ཉི་ཤུ་ནས་སུམ་ཅུའི་བར་སློབ་གཉེར་བྱས་ཏེ་ཡོང་མཁན་ཚོའི་ནང་ནས་ཆོས་ཕྱོགས་ཀྱི་དབུ་ཁྲིད་གནང་ཐུབ་ངེས་དེ་འདྲ་ཐོན་ཡོང་གི་འདུག ཆབ་སྲིད་ཀྱི་སྒྲིག་འཛུགས་ངོས་ནས་བཤད་ན་འདས་པའི་ལོ་ངོ་བཅུ་ཙམ་རིང་ངོས་རང་ཕྱེད་རྒས་ཡོལ་བྱས་ཏེ་བསྡད་པ་ཡིན། ཆབ་སྲིད་ཀྱི་གནད་དོན་གལ་ཆེ་ཚང་མ་འོས་བསྡུ་བྱས་པའི་འགོ་ཁྲིད་ཀྱི་ཐག་གཅོད་ བྱེད་ཀྱི་ཡོད་ལ་མ་འོངས་པར་ཡང་མུ་མཐུད་དེ་ལྟར་འགྲོ་གི་རེད། གཞོན་ནུའི་སྒྲིག་འཛུགས་ཀྱིས་མཚོན་པའི་བོད་རང་བཙན་གཙང་མ་དགོས་ཀྱི་འདུག་ཅེས་ང་ཚོའི་དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་མཁན་ཡོང་གི་ཡོད་པ་ཙམ་མ་ཟད་ཕལ་ཆེར་ཤུགས་ཆེ་རུ་འགྲོ་གི་ཡོད་པ་འདྲ་པོ་འདུག དེ་ལ་ཁག་ཡོད་པ་མ་རེད་ང་ཚོས་གཉིས་སྨན་ཡོང་བའི་འབད་བརྩོན་རིམ་པ་བྱས་པ་རེད་དེ་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་ཐོན་ཐུབ་མེད། གནས་ཚུལ་དེ་འདྲའི་འོག་ནས་བསམ་ཚུལ་ཤུགས་ཆེ་རུ་འགྲོ་གི་འདུག ཡིན་ནའང་སྤྱི་ཡོངས་ཀྱི་ཆ་ནས་བརྒྱ་ཆའི་དགུ་བཅུ་གོ་དགུ་འཚེ་བ་མེད་པའི་ལམ་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་ཧ་ཅང་གསལ་པོ་ཡོད། དེར་ཁྱོད་རང་ཚོ་གཡང་ང་(བློ་གཡེང་)བྱེད་དགོས་དོན་མེད།
དྲི་བ་གཉིས་པ། ཏཱ་ལའི་བླ་མ་མཆོག ཁྱེད་ཉིད་ཀྱི་འདོད་པའི་བོད་ཆེན་པོ་དང། ད་ལྟའི་རྒྱ་ནག་གི་ཞིང་ཆེན་གྱི་འཛིན་སྐྱོང་དབྱེ་བགོས་དང་། གཉིས་རྩེག་ཐེབས་པ་རྣམས་ཇི་ལྟར་ཐག་གཅོད་བྱེད་རྒྱུ་ཡིན་ནམ། ས་ཁུལ་དེ་དག་གི་མི་རིགས་གཞན་རྣམས་བོད་ཆེན་པོའི་རང་སྐྱོང་སྲིད་གཞུང་གིས་དོ་དམ་བྱེད་རྒྱུ་ཡིན་ནམ། བོད་རིགས་མ་ཡིན་པ་དེ་ཚོའི་མངོན་འདོད་ཇི་ལྟར་འགན་སྲུང་དང་ལག་སྟར་བྱེད་རྒྱུ།
བཀའ་ལན། ང་ཚོས་བོད་ཆེན་པོ་ཞེས་པའི་ཚིག་འདི་བེད་སྤྱོད་བྱས་མེད། ཐ་སྙད་དེ་ནི་རྒྱ་ནག་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་སོགས་ཀྱིས་ཚུར་སྦྱར་གྱི་འདུག ང་ཚོས་ག་རེ་བརྗོད་ཀྱི་ཡོད་ཅེ་ན། བོད་ཀྱི་སྐད་ཡིག་གཅིག་གྱུར་ཡིན་པའི་བོད་རིགས་ཚང་མར་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་བ་བྱེད་པའི་ཐོབ་ཐང་གཅིག་གྱུར་དགོས་པ་དང༌། བོད་རིགས་དེ་དག་ལ་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་སོགས་ཀྱི་ཐོབ་ཐང་འདྲ་མཉམ་དགོས། རྩ་དོན་རྒྱ་ནག་གཞུང་གིས་ངོས་ལེན་གནང་བ་འདྲ་པོ་རེད། རྒྱ་ནག་དབུས་གཞུང་གི་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་ཐེངས་ལྔ་པའི་སྐབས་རང་སྐྱོང་ལྗོངས་དང་ཞིང་ཆེན་བཞིའི་ནང་ཡོད་པའི་བོད་རིགས་ཡོངས་ལ་ལྟ་རྟོག་གཅིག་མཚུངས་བྱེད་དགོས་པ་གསུང་འདུག ལྷག་པར་དུ་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་ཐོག་སྲིད་བློན་ཝིན་ཅཱ་པའོ་ ཡིས་སྲིད་གཞུང་གི་ལས་བསྡོམས་ནང་གསལ་པོ་གསུངས་འདུག དེ་ནི་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་རེད། གཞན་ཤིའི་ཙང་ཟེར་དུས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གཅིག་པུར་གོ་འགྲོ་གི་འདུག དེ་འདྲ་མ་རེད། བོད་རང་སྐྱོང་ལྗོངས་ནང་བོད་མི་ས་ཡ་གཉིས་ལྷག་ཙམ་ལས་དེ་མིན་བོད་མི་ས་ཡ་བཞི་ཙམ་ཞིག་ཞིང་ཆེན་ཁག་བཞིའི་ནང་ཡོད་པ་ཡིན་དུས་དེ་དག་ལ་ཐོབ་ཐང་གཅིག་མཚུངས་དགོས་ཀྱི་འདུག་ཅེས་བརྗོད་ཀྱི་ཡོད། དཔེར་ན་ངོས་རང་ལ་ཆ་མཚོན་ན་བོད་རང་སྐྱོང་ལྗོངས་ནས་ཡོང་བ་མིན། ངའི་འབྱུང་ཁུངས་རྩད་བཅད་ན་མཚོ་སྔོན་ཡིན། བོད་ཀྱི་ལོ་རྒྱུས་ལ་ཆ་མཚོན་ནའང་དེང་སྐབས་ཀྱི་ཞིང་ཆེན་བཞིའི་ནང་ནས་སྔོན་ བྱོན་བོད་ཀྱི་སྐྱེས་བུ་དམ་པ་མང་པོ་ཞིག་ཕེབས་ཡོད། དཔེར་ན་དེང་སྐབས་ཀྱང་རྒྱ་གར་ནང་རིས་སུ་མ་ཆད་པའི་ཆོས་སྒར་ཁག་གི་ནང་དགེ་རྒན་བྱེད་མཁན་མང་པོ་ཞིག་ཞིང་ཆེན་ཁག་བཞི་པོ་དེ་དག་ནས་ཕེབས་པ་ཧ་ཅང་མང་པོ་ཡོད། བོད་རང་སྐྱོང་ལྗོངས་ནས་ཡོང་བ་ཉུང་ཉུང་རེད། དེ་འདྲ་ཡིན་དུས་ང་ཚོས་དོ་སྣང་བྱེད་ཡུལ་གཙོ་བོ་ཆོས་དང་རིག་གཞུང་ཆགས་ཡོད་པར་བརྟེན་ང་ཚོ་གཅིག་གྱུར་དགོས་ཞེས་བརྗོད་ཀྱི་ཡོད། ང་ཚོས་ཁ་བྲལ་དང་རང་བཙན་བཤད་པ་ཡིན་ན་དེ་ནི་གནས་ཚུལ་ཐ་དད་རེད། ང་ཚོ་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་ལ་བསྡད་དེ་ཆོས་དང་རིག་གཞུང་དང་། དེ་བཞིན་སོ་སོའི་སྐད་ཡིག་སོགས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བ་བྱེད་དབང་དགོས་ཀྱི་འདུག་ཅེས་བརྗོད་ཀྱི་ཡོད་ལ། དེ་སྐོར་ཞིབ་ཕྲ་རིམ་པས་གོ་བསྡུར་བྱེད་རྒྱུ་བྱུང་ན། གཙོ་ཆེ་ཤོས་བོད་ནང་ཡོད་པའི་བོད་རིགས་ཚོས་འགན་འཁུར་དགོས། ཁོང་ཚོར་ཞེད་སྣང་མེད་པའི་ངང་གོ་བསྡུར་ལྷུག་པོ་བྱེད་ཆོག་པ་བྱུང་ན་དཀའ་ངལ་གང་ཡང་འཕྲད་ཀྱི་མ་རེད་བསམ་གྱི་འདུག
བོད་རང་སྐྱོང་ལྗོངས་ལ་ཆ་མཚོན་ནའང་དེ་སྔ་ལྔ་བཅུ་ཐམ་པའི་གོང་ནས་རྒྱ་རིགས་ཁ་ཤས་ཡོད། མ་ཟད་མདོ་སྟོད་སྨད་ཀྱི་ས་ཁུལ་ཁག་དང་། ལྷག་པར་ངོས་རང་སྐྱེ་སའི་ས་ཁུལ་ལ་རྒྱ་རིགས་གང་འཚམས་ཡོད། དེ་ཚོ་ནི་སྔ་མོ་ནས་བསྡད་ཡོད་པ་རེད། བོད་མི་ཚོས་བོད་རིགས་ཁེ་གཙང་དགོས། མི་རིགས་གཞན་དང་ལྷག་པར་རྒྱ་རིགས་བསྡད་ན་འགྲིག་གི་མི་འདུག་བརྗོད་ཀྱི་མ་རེད། ག་རེ་གལ་ཆེན་པོ་རེད་ཅེ་ན་བོད་རིགས་རང་སྐྱོང་ཞེས་པའི་མིང་ཞིག་བཏགས་ཕྱིན་ཆད་ས་གནས་དེའི་མི་རིགས་དམིགས་བསལ་གྱིས་གྲངས་མང་བའི་མི་རིགས་ཆགས་པ་དང་། མི་རིགས་གཞན་གྲངས་ཉུང་སྟབས་བོད་རིགས་རང་སྐྱོང་ཞེས་པའི་མིང་འདི་ཐོབ་པ་ཡིན། ས་ཁུལ་དེར་རྒྱ་མི་རིགས་སམ་མི་རིགས་གཞན་མང་བ་ཆགས་ཡོད་ན་བོད་རིགས་རང་སྐྱོང་ གི་མིང་འདོགས་ཐབས་ཡོད་པ་མ་རེད། དེ་སྔའི་ལོ་རྒྱུས་ཐོག་རྒྱ་དང་བོད་ཅེས་ལོ་ངོ་སྟོང་ཕྲག་རིང་འབྲེལ་བ་བྱུང་མྱོང་ལྟར་ང་ཚོས་མཛའ་མཐུན་གྱི་ཁྱིམ་ཚང་ཆེན་པོ་ཞིག་འཛུགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེ་བཞིན་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཅེས་པ་འདི་མི་རིགས་ཚང་མ་འདྲ་མཉམ་ དང་ཁྱིམ་ཚང་གཅིག་ནང་བཞིན་གྱི་འདུ་ཤེས་ཐོག་གནས་ཐུབ་པ་ཞིག་ཡོང་བའི་རེ་བ་དང་སྨོན་ལམ་ཚུན་ཆད་རྒྱག་གི་ཡོད།
དྲི་བ་གསུམ་པ། ན་ནིང་ཧྥ་རན་སི་རྒྱལ་ཁབ་ཀྱི་བརྙན་འཕྲིན་ཞིག་ཏུ་ The Dalai Lama’s Demons ཞེས་པའི་གློན་བརྙན་ཞིག་བསྟན་པའི་ནང་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་གྱི་བོད་པའི་དགེ་འདུན་པ་རྣམས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནས་ཕྱིར་འབུད་བཏང་པ་དང། ཁོ་ཚོ་ཚོང་ཁང་དང། སྨན་ཁང་། ཐ་ན་དགོན་པའི་ནང་དུའང་འགྲོ་མི་ཐུབ་པ་ཆགས་འདུག གློག་བརྙན་དེའི་ནང་ད་དུང་ཤུགས་ལྡན་བསྟེན་མཁན་གྱི་གྲྭ་པ་རྣམས་ངེས་པར་དགོན་པ་ནས་ཕྱིར་འབུད་བཏང་དགོས་ཅེས་ཁྱེད་ཀྱིས་བཀའ་བཏང་འདུག དེའི་འཕྲོད་ཀྱི་གྲྭ་པ་ཞིག་གིས་བཤད་དོན་ཕྱོགས་གཅིག་ནས་ཏཱ་ལའི་བླ་མས་ཆོས་ལུགས་རང་དབང་དང་བྱམས་བརྩེ་གསུང་གི་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་ང་ཚོའི་ཆོས་ལུགས་ཀྱི་རང་དབང་བཀག་སྡོམ་བྱས་ཏེ་ང་ཚོ་དགོན་པ་ནས་ཕྱིར་འབུད་བཏང་བྱུང་ཟེར། དེའི་ཐོག་ལ་ཁྱེད་རང་གི་ལྟ་ཚུལ་གང་འདྲ་ཡིན།
བཀའ་ལན། རྒྱལ་པོ་ཤུགས་ལྡན་ནི་ྋགོང་ས་ལྔ་པའི་སྐབས་ནས་བྱུང་བ་རེད། སྐབས་དེར་ྋགོང་ས་ལྔ་པས་རྡོ་རྗེ་ཤུགས་ལྡན་ཞེས་པ་དེར་ངོས་འཛིན་གང་འདྲ་ཞིག་གནང་ཡོད་དམ་ཞེ་ན། བོད་དུ་ྋགོང་ས་ལྔ་པ་ཆེན་པོའི་གསུང་འབུམ་ཤིང་པར་རྐོས་པ་ཡོངས་གྲགས་པོད་༼ད༽པའི་ནང་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ། ཞེས་གསུངས་ཡོད། བྱས་ཙང་རྒྱུ་རྐྱེན་སྨོན་ལམ་ལོག་པ་དང་། ངོ་བོ་དམ་སྲི་འབྱུང་པོ། བྱེད་ལས་བསྟན་དང་འགྲོ་ལ་འཚེ་བ་བཅས་གསུངས་ཡོད། དམ་སྲི་ཡིན་པ་ནི་དོལ་རྒྱལ་རང་ཉིད་ཀྱི་ལོ་རྒྱུས་ནང་ངོས་ལེན་བྱས་ཡོད།
སྔོན་མ་ངས་ཀྱང་བསྟེན་གསོལ་བྱས་པ་ཡིན། རྗེས་སུ་ྋགོང་ས་ལྔ་པ་ཆེན་པོས་གང་གསུངས་པ་རྣམས་ལ་ཉམས་ཞིབ་བྱེད་དུས་ང་ཚོས་ཡིག་ཆ་དེ་རྙེད་པ་རེད། ངོས་ནས་ཀྱང་དེའི་སྐོར་ལ་བརྟག་དཔྱད་རིམ་པ་བྱས་ཏེ་མཐའ་མ་དེར་དོལ་རྒྱལ་བསྟེན་ན་ཡག་པོ་མི་འདུག དེ་འདྲ་ཡིན་དུས་ངའི་ངོས་ནས་བསྟེན་གསོལ་བྱེད་རྒྱུ་མཚམས་འཇོག་གཙང་མ་བྱས་པ་ཡིན། ཡིན་ནའང་སྐབས་དེར་བོད་པ་ཚོའི་ནང་བསྟེན་གསོལ་བྱེད་མཁན་རིགས་གཅིག་ཡོད་པ་དེར་ངོས་ནས་དམ་བསྒྲགས་བྱས་མེད། རྗེས་སུ་དགའ་ལྡན་བྱང་རྩེ་གྲྭ་ཚང་ལ་རྙོག་གྲ་བྱུང་བ་ངོས་ནས་བརྟག་དཔྱད་བྱེད་དུས་དགའ་ལྡན་བྱང་རྩེ་གྲྭ་ཚང་གིས་དེ་སྔ་མེད་པའི་རྒྱལ་པོ་ཤུགས་ལྡན་བསྟེན་གསོལ་བྱས་པའི་རྐྱེན་གྱིས་བྱུང་བ་གསལ་པོ་ར་འཕྲོད་སོང་། དེར་བརྟེན་ངོས་ནས་དོལ་རྒྱལ་བསྟེན་པས་དཀའ་ངལ་བྱུང་བ་རེད་ཅེས་བཤད་པ་ཡིན། དེ་ནས་རིམ་པས་གནས་ཚུལ་དེ་མང་ཚོགས་ནང་དགའ་རབ་ཕྱིར་བསྒྲགས་བྱས་པའི་སྐབས་རིགས་ཁ་ཤས་ཀྱིས་ངོས་ནས་རྙིང་མར་སྤྲེལ་ལད་འཁྲབ་པ་རེད་ཟེར་བ་དང༌། ངོས་ནས་དོན་དངོས་དམ་བསྒྲགས་བྱས་ཡོད་པ་མ་རེད་འཁྲབ་སྟོན་ཙམ་བྱས་པ་རེད་ཟེར་མཁན་བྱུང་སོང༌། དེར་བརྟེན་ངོས་ནས་གནས་ཚུལ་ཁ་གསལ་དང་ཤུགས་ཆེ་རུ་བཏང་བ་ཡིན། དོལ་རྒྱལ་བསྟེན་མཁན་ཁྱིམ་ཚང་གི་ཕྲུ་གུ་སློབ་གྲྭ་ནས་ཕྱིར་འབུད་བཏང་བ་རེད་ཟེར་ཡག་དེ་འདྲ་སུ་གཅིག་བྱུང་མེད། དགོན་པ་ཁག་ནང་དོལ་རྒྱལ་བསྟེན་མཁན་དང་མི་བསྟེན་མཁན་མཉམ་དུ་རུབ་རུབ་བྱས་ཏེ་ཚོགས་པ་ཡིན་ན་ཆོས་ཀྱི་དམ་ཚིག་ཐོག་ནས་འགྲིག་གི་མི་འདུག དོལ་རྒྱལ་མི་བསྟེན་མཁན་དེ་དག་ྋརྒྱལ་བ་རིན་པོ་ཆེའི་དྲུང་ནས་ཆོས་ཞུས་པ་ཤ་སྟག་རེད། བསྟེན་མཁན་གྱི་གྲས་ནི་ཆོས་ཞུ་མཁན་གྱི་བླ་མ་དང་མ་འགྲིག་པ་ལྟ་བུ་ཆགས་ཡོད་དུས་བདེ་པོ་མི་འདུག་ཅེས་བཤད་བསྡད་པ་ལས་ང་ཚོས་གཞིས་ཆགས་ཀྱི་ཁོངས་ནས་ཕྱིར་འབུད་བཏང་བ་དེ་འདྲ་གང་ཡང་མ་རེད། ཁྱོད་རང་ཚོ་རྒྱ་གར་ལ་ཡོང་སྟེ་རྒྱ་གར་ལྷོ་ཕྱོགས་ལ་ལྟ་བར་སོང་དང༌། མ་གིར་དོལ་རྒྱལ་ཚོགས་པ་ཁོ་རང་ཚོས་གྲྭ་ཚང་ཟུར་དུ་བཙུགས་སྟེ་བོད་མི་སྤྱི་ འགྲེ་སྤྱི་མཚུངས་ལྟར་བསྡད་ཡོད་པ་ལས་དེར་སུ་གཅིག་གིས་རྙོག་གྲ་བཟོ་མཁན་མེད། གནས་ཚུལ་དེ་འདྲ་རེད། མདོ་དོན་ངོས་ནས་གང་ཤོད་ཀྱི་ཡོད་དམ་ཞེ་ན་སྤྱིར་བཏང་ཆོས་བྱེད་དང་མི་བྱེད་ཞེས་ པ་སོ་སོའི་རང་དབང་རེད། ཆོས་གང་འདྲ་བྱེད་དང་མི་བྱེད་སོ་སོའི་རང་དབང་རེད། དེ་འདྲ་ཡིན་དུས་ལྷ་དང་འདྲེ་གང་འདྲ་ཞིག་བསྟེན་དང་མི་བསྟེན་ཞེས་པ་སོ་སོའི་འདོད་པ་རེད། དེ་བསྟེན་ན་སྐྱོན་འདུག་དགེ་མཚན་མི་འདུག་ཅེས་གསལ་བཤད་བྱེད་རྒྱུ་ངའི་ལས་འགན་རེད། སྐྱོན་གང་ཡོད་པ་དེ་དག་ངོས་ནས་བཤད་དགོས་ཀྱི་རེད། བཤད་ནས་ཉན་དང་མི་ཉན་མི་སོ་སོས་བསམ་བློ་གཏོང་རྒྱུ་རེད། རྒྱ་རིགས་གྲོགས་པོ་ཞིག་གིས་སྐད་ཆ་དྲིས་འདུག གལ་སྲིད་ཁྱོད་རང་དེ་ལ་དོ་སྣང་ཡོད་པ་ཡིན་ན་སོ་སོའི་རང་དབང་རེད། ཡིན་ནའང་བརྟག་དཔྱད་ཡག་པོ་བྱེད་དགོས་ཀྱི་རེད། ནམ་རྒྱུན་ང་ཚོའི་ཆོས་པ་ཚོས་གང་ཟག་ལ་དག་སྣང་སྦྱོང་བ་དང་ཆོས་བརྟག་དཔྱད་བྱེད་དགོས་ཞེས་གསུངས་པ་རེད། ཆོས་ལ་ངེས་པར་དུ་བརྟག་དཔྱད་བྱེད་དགོས། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ཞིག་ཡིན་ནའང་དེ་དྲང་དོན་རེད་དམ་ངེས་ དོན་རེད་ཅེས་བརྟག་དཔྱད་དགོས་པ་མགོན་པོ་ཀླུ་སྒྲུབ་སོགས་ཀྱིས་ཕྱག་ལེན་གནང་ ཡོད། དེ་འདྲ་ཡིན་དུས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པ་རེད། ཁྱོད་རང་ཚོས་བརྟག་དཔྱད་བྱེད་རྒྱུ་གལ་ཆེན་པོ་རེད།
དྲི་བ་བཞི་པ། ངའི་དྲི་བ་ནི་ 2008 ལོའི་བོད་ཀྱི་དོན་རྐྱེན་ནང་ཅིའི་ཕྱིར་གྲྭ་པ་དང་བོད་མི་མང་པོ་ཞིག་གིས་རྒྱ་རིགས་མི་སེར་དཀྱུས་མའི་ཐོག་ལག་པ་བསྐྱངས་པ་རེད། ཤེས་དགོས་པ་ཞིག་ལ་བྱེད་གཏེ་གཙོ་བོ་ནི་རྒྱ་ནག་སྲིད་གཞུང་རེད།
བཀའ་ལན། ངོས་ཀྱིས་ཤེས་གསལ་ལྟར་ན། ཕྱི་ལོ་ 2008 ལོའི་གསུམ་བཅུའི་དོན་རྐྱེན་གྱི་ངོ་རྒོལ་དང་པོ་ཟླ་ 3 པའི་ཚེས་ 10 ཕྱི་དྲོ་ནས་འགོ་ཚུགས་འདུག དེ་ནས་མུ་མཐུད་ཚེས་ 11 དང་ 12,13 བཅས་ལ་ངོ་རྒོལ་བྱེད་མཁན་བྱུང་འདུག དེ་དག་ས་གནས་ཉེན་རྟོག་པས་ཤེས་ཏེ་འབྲས་སྤུངས་ནས་ལྷ་སར་ཡོང་མཁན་པ་གྲྭ་པ་བཀག་འགོག་བྱས་པའི་གནས་ཚུལ་བྱུང་ཡོད། དེ་ནས་ཚེས་ 14 ཞོགས་པ་ཚོང་ཁང་ལ་མེ་བརྒྱབ་པ་དང༌། རྡོ་ཞུས་པ། དངོས་པོ་བཅག་གཅོག་བྱས་པའི་སྐབས་སྤྱི་བདེའི་མི་སྣས་པར་བརྒྱབ་པ་ལས་བཀག་འགོག་གང་ཡང་བྱས་མ་སོང་ཞེས་དེ་ཉིན་ཞོགས་པ་ལྷ་སར་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པ་ ཞིག་རྗེས་སུ་ངོས་ཐུག་པར་ཡོང་སྟེ་ཁོ་པས་དངོས་སུ་མཐོང་བྱུང་ཞེས་བརྗོད་བྱུང༌། དེ་ཚོའི་གྲས་བསམ་བློ་ཡག་པོ་བཏང་བ་ཡིན་ན་རྒྱ་ནག་གཞུང་གིས་ “གསུམ་གཅིག་བཞིའི་དོན་རྐྱེན་” ཞེས་དྲིལ་བསྒྲགས་བྱེད་པ་ལས་ཟླ་ 3 པའི་ཚེས་ 10 ནས་འགོ་ཚུགས་པ་ཤོད་ཀྱི་མེད། ངོ་རྒོལ་དངོས་ཟླ་ 3 པའི་ཚེས་ 10 ནས་བྱས་ཡོད་ཀྱང་ཚེས་ 14 ཞོགས་པར་རྐང་བཙུགས་ནས་ཟང་ཟིང་བྱེད་བཅུག་སྟེ་དེ་དག་ཆ་ཚང་པར་འདྲ་མིན་བརྒྱབ་རྗེས་པར་དེ་དག་བེད་སྤྱོད་ཀྱིས་བོད་པས་ཟང་ཟིང་བྱས་སོང་ཞེས་བོད་པར་བསྙོན་འཛུགས་བྱས་ཡོད། རྗེས་སུ་བོད་ནས་ཡོང་མཁན་གྱི་བརྗོད་དོན་སྐབས་དེར་ནམ་རྒྱུན་མཐོང་མྱོང་མེད་པའི་བོད་པ་དེ་འདྲ་ལྷ་སར་དབོར་འདྲེན་བྱས་སོང་ལ་ཟིང་སློང་མཁན་གྱི་བྱེད་གཏེ་མི་དེ་དག་རེད་ཟེར་གྱི་འདུག དངོས་གནས་བྱས་ན་གནད་དོན་དེ་རང་དབང་ལྡན་པའི་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས། དེ་གཅིག་རེད། དེ་བཞིན་མདོ་སྟོད་སྨད་ཀྱི་ས་ཁུལ་ཁག་གི་དགོན་པའི་མགོན་ཁང་ནང་སྔ་མོ་གྲི་དང་མདུང་མེ་མདའ་རྙིང་པ་བཙུགས་པའི་ལུགས་སྲོལ་ཞིག་ཡོད་པ་རེད། དེ་དག་མར་བཏོན་ཏེ་དགོན་པས་དྲག་འཛིང་བྱེད་རྒྱུའི་ལག་ཆ་བེད་སྤྱོད་བྱས་འདུག་ཅེས་བསྙོན་འཛུགས་བྱས་བྱུང་ཞེས་ཤོད་མཁན་བྱུང༌། གང་ལྟར་མི་རེ་ཟུང་གིས་རླུང་ལངས་ཐོག་རྒྱ་རིགས་ལ་སུན་པོ་བཟོས་པ་ཏན་ཏན་བྱུང་ཡོད་སྲིད། དེ་འདྲ་བྱུང་ཡོད་ན་ངོས་ནས་དགོངས་དག་ཞུ་གི་ཡིན། བོད་མི་འགའ་ཤས་རླུང་ལངས་ཐོག་གནས་ཚུལ་དེ་འདྲ་ཡོང་སྲིད་ཀྱི་རེད། གང་ཡིན་ཟེར་ན་རྒྱ་ནག་གཞུང་གིས་སྐབས་དེར་བོད་པས་རྒྱ་རིགས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་བརྫུན་བཟོ་བྱས་ཡོད། གཞན་བོད་པ་སྤྱི་བྱིངས་དེ་འདྲ་མ་རེད། བོད་པས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱས་པར་ཁོང་ཚོར་ཁག་མེད། བོད་པར་རྡུང་རྡེག་ཚ་ནན་གཏོང་གི་ཡོད་ལ་དེ་ཡང་རྒྱུ་མཚན་གཙོ་བོ་བོད་མིས་བོད་པའི་ཆོས་དང་རིག་གཞུང་རང་ཉིད་ཀྱི་བླ་མ་ལ་དགའ་ཞེན་བྱས་པ་ཡིན་ན་མ་འགྲིག་པའི་རྐྱེན་གྱིས་རེད། དེས་རྐྱེན་པས་བོད་པའི་སེམས་ནང་གྲང་ཤུར་ཤུར་གྱི་ཚོར་བ་ཞིག་སླེབས་ཀྱི་ཡོད། དེར་བརྟེན་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱེད་མཁན་ཧ་ཆང་ཤུགས་ཆེན་པོ་ཡོད་པ་རེད། འོན་ཀྱང་ཁྱོད་རང་ཚོས་བོད་པས་རྒྱ་མི་རིགས་ལ་ངོ་རྒོལ་བྱས་པའི་རྣམ་པར་ངོས་འཛིན་བྱེད་མི་ཉན། ངས་ཐོས་པ་ལྟར་ན་ 2008 ལོའི་གསུམ་བཅུའི་དོན་རྐྱེན་གྱི་རྗེས་སུ་ནམ་རྒྱུན་རྒྱའི་ས་ཁུལ་ལ་འགྲོ་མཁན་བོད་པ་ཚོར་དཀའ་ངལ་ཞིག་འཕྲད་པ་ནི་ཁོང་ཚོ་འགྲོ་སའི་གནས་ཚང་དང་ཚོང་ཁང་ཟ་ཁང་སོགས་ཀྱི་སྦྱིན་བདག་ཚོས་བོད་རིགས་ཡིན་ཕྱིན་ཆད་རྣམ་འགྱུར་འདྲ་མིན་བསྟན་པ་དང༌། དེ་ཙམ་དུ་མ་ཟད་རྒྱ་ནག་གཞུང་གིས་མངགས་གཏོང་བྱས་པའི་གཞུང་འབྲེལ་ཚོགས་པ་ཞིག་གི་ནང་བོད་རིགས་གཅིག་རང་ཡོད་པ་དེར་གནམ་གྲུའི་ཐང་ནས་དམིགས་སུ་བཀར་ནས་འདྲི་རྩད་བྱས་པ་གོ་རྒྱུ་འདུག དེ་འདྲ་ཡིན་དུས་བོད་རིགས་ཚོ་སེམས་འཁྱག་གི་རེད།
དྲི་བ་ལྔ་པ། དེ་སྔ་བོད་ཞི་བའི་བཅིངས་འགྲོལ་བཏང་པ་དེ་ཐོག་མ་ནས་གཡོ་བྱུས་ཞིན་ཡིན་ནམ། ཡང་ན་རྗེས་སུ་འགྱུར་བ་ཕྱིན་པ་ཞིག་ཡིན།
བཀའ་ ལན། དེ་བཤད་ཁག་པོ་རེད། སྔོན་མ་བཅིངས་བགྲོལ་དམག་མི་ཆབ་མདོར་འབྱོར་སྐབས་བོད་དམག་དང་དམག་བརྒྱབ་སྟེ་བོད་དམག་སྟོང་ཕྲག་བདུན་བརྒྱད་ཞིག་མེད་པ་བཟོས་ཡོད། སྐབས་དེར་ཆབ་མདོའི་མདོ་སྤྱིའི་ལས་བྱའི་གྲས་སུ་སྨོན་གྲོང་མཁན་ཆུང་ (ཐུབ་བསྟན་དོན་ཡོད་) ཡོད་པ་རེད་ཁོང་གིས་ངོས་ལ་བཤད་དོན་སྐབས་དེར་དམག་དཔོན་ཝང་ཆིའི་མིང་ (ཆབ་མདོ་བཅིངས་བགྲོལ་གཏོང་མཁན་) གིས་ང་ཚོ་སྤུན་ཟླ་མི་རིགས་ནང་ཁུལ་གསོད་རེས་བྱས་པ་རེད་ཅེས་མིག་ཆུ་གཏོང་ཞོར་ཤོད་ཀྱི་འདུག་ཟེར། རེ་འགའ་ཕལ་ཆེར་ལྷག་བསམ་རྣམ་དག་མིན་ནམ་དྲན་གྱི་འདུག དེ་བཞིན་ཁྲོན་ཙང་ཀུང་ལུའུ་ (ཁམས་དབུས་གཞུང་ལམ་) དང་ཆིན་ཙང་ཀུང་ལུའུ་ (མདོ་དབུས་གཞུང་ལམ་) དེ་དག་བཟོ་སྐབས་མི་རེ་འགས་ཆུ་ལོག་ཡོང་སྐབས་རང་ཉིད་ཀྱི་གཟུགས་པོས་ཆུ་བཀག་པ་སོགས་དངོས་གནས་དཀའ་ལས་རྒྱག་མཁན་བྱུང་ཡོད། དེའི་རིགས་ནི་ལྷག་བསམ་རྣམ་དག་ཡིན་ས་རེད། གཞན་རིགས་ཤིག་དང་ཐོག་ནས་བསམ་ཚུལ་གང་འདྲ་ཡོད་མིན་ངས་བཤད་ཐུབ་ཀྱི་མེད། ཡག་ཤོས་བྱུང་ན་གཞུང་གི་གསང་བའི་ཡིག་ཆ་དེ་དག་རིམ་བཞིན་རྒྱལ་རབས་ལོ་རྒྱུས་འབྲི་མཁན་ཚོས་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཚེ་ད་གཟོད་གཞི་ནས་གསལ་པོ་ཆགས་ཀྱི་རེད། གལ་ཆེ་ཤོས་དེ་རེད། སྤྱི་ཡོངས་ཀྱི་སྲིད་ཇུས་བྱས་ན་ཕྱི་ལོ་ 1954 ལོར་ངོས་རང་རྒྱ་ནག་ལ་ཕྱིན་ཏེ་ཟླ་བ་ལྔ་དྲུག་ཞིག་པེ་ཅིང་ལ་བསྡད་པ་ཡིན། སྐབས་དེར་མའོ་ཙི་ཏུང་གིས་གཙོས་རྒྱ་ནག་གི་འགོ་ཁྲིད་ཕལ་ཆེ་བ་ངོས་ནས་མཇལ་བ་ཡིན། མའོ་ཙི་ཏུང་ཚར་མང་པོ་མཇལ་བ་ཡིན། ལྷག་པར་རྒྱ་ནག་གི་ཞིང་ཆེན་ཁག་མང་པོ་ཞིག་ཏུ་ལྟ་སྐོར་ལ་ཕྱིན་པ་ཡིན་དེ་དུས་རྒྱ་ནག་དཔོན་རིགས་མང་པོ་ཐུག་བྱུང་ཁོང་ཚོ་གུང་ཁྲན་ཏང་ཡོན་ཡིན་པ་དེ་དག་དངོས་གནས་གསར་བརྗེའི་བསམ་བློ་རྣམ་དག་ཡོད་པ། ངལ་རྩོལ་མི་མང་དང་རང་གི་རྒྱལ་ཁབ་ལ་ཁ་ཞེ་གཉིས་མེད་ཀྱིས་ཞབས་འདེགས་སྒྲུབ་མཁན། སྒེར་སེམས་མེད་པར་སྤྱི་དོན་སྒྲུབ་མཁན་དེ་འདྲ་མང་པོ་ཞིག་མཐོང་བྱུང༌། དེ་དག་ཡིད་དབང་འཕྲོག་པ་ཞིག་འདུག མའོ་ཙི་ཏུང་ལ་མཚོན་ནའང་ངོས་ལ་ཁས་ལེན་མང་པོ་གནང་ཡོད། ཡིན་ནའང་ཕྱི་ལོ་ 1956 དང་ 1957 བར་ནས་གཡོན་ཐལ་སྒང་ལ་ཕྱིན་པ་འདྲ་པོ་མཐོང་བྱུང༌།
དྲི་བ་དྲུག་པ། གལ་སྲིད་འབྱུང་འགྱུར་རྒྱ་ནག་ནང་ཆབ་སྲིད་ཀྱི་ཐ་སྙད་དང་མཐུན་པའི་མང་གཙོའི་སྲིད་གཞུང་ཞིག་བྱུང་ན་བོད་དང་སྲིད་གཞུང་དེ་གཉིས་བར་གྱི་འབྲེལ་བ་གང་འདྲ་ཞིག་ཡིན་དགོས། ཁྱེད་ཀྱི་དགོངས་ཚུལ་གསུངས་རོགས།
བཀའ་ལན། ད་ལྟ་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་ལས་ཀ་ཡིན་ནའང་རེད། རྒྱལ་ཁབ་ནང་གི་ལས་ཀ་ཡིན་ནའང་རེད། དོན་མེད་རྙོག་གྲ་མང་པོ་ཞིག་ནི་ཕན་ཚུན་གཅིག་གི་གཅིག་ལ་ཡིད་ཆེས་མེད་པ་དང༌། དོགས་པ་རྣམ་རྟོག་གི་དབང་གིས་ཡོང་གི་ཡོད་པ་ཞིག་མཐོང་གི་འདུག འདས་པའི་ལོ་ལྔ་བཅུ་ང་གཅིག་རིང་ངོས་རང་ཕྱི་ལ་བསྡད་པ་ཡིན། ཨ་རི་དང་། ཡུ་རོབ། ཉི་ཧོང་། དེ་བཞིན་རྒྱ་གར་བཅས་སུ་ངོས་ལ་ངོ་ཤེས་གྲོགས་པོ་མང་པོ་ཡོད་པས་ངོས་ནས་རྒྱུས་ཡོད། རྒྱ་ནག་གིས་འབྲེལ་བ་བཟང་པོ་ཞིག་འཛུགས་རྒྱུའི་འདོད་པ་ཡོད་པ་གང་ཞིག་ལ་དོན་དམ་གྱི་འབྲེལ་བ་ཡག་པོ་ཞིག་ཡོང་མ་ཐུབ་པ་ནི་ཕན་ཚུན་ཡིད་ཆེས་མེད་པས་རེད། ཡིད་ཆེས་ཡོང་མ་ཐུབ་པ་ཡང་རྒྱ་ནག་གཞུང་ཕྱི་གསལ་ནང་གསལ་མེད་པར་ཕྱི་ལ་འདྲ་ཆགས་པོ་བྱས་པ་ལས་ནང་དུ་དེ་འདྲ་རང་མེད་པ་ཡིན་དུས་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། བོད་ཀྱི་གནས་ཚུལ་ཡིན་ནའང་རེད། ཤིན་ཅང་གི་གནས་ཚུལ་ཡིན་ནའང་རེད། རྒྱ་ནག་གཞུང་གིས་ཕྱི་ལ་སྟོན་པའི་རྣམ་འགྱུར་དང་དོན་དམ་མི་མང་གིས་མྱོང་བཞིན་པའི་ཚོར་བ་གཉིས་ལ་ཧེ་བག་ཆེན་པོ་ཡོད་པ་ཧ་ཅང་གསལ་པོ་རེད། དེ་འདྲ་ཡིན་དུས་རྒྱ་ནག་གཞུང་ཕྱི་གསལ་ནང་གསལ་བདེན་པ་བདེན་ཐུབ། དྲང་བདེན་གྱི་སྲིད་ཇུས་ཤིག་བཟུང་བའི་དུས་ཤིག་ཤར་བ་ཡིན་ན་དཀའ་ངལ་མང་པོ་ཞིག་རང་བཞིན་གྱིས་སེལ་འགྲོ་གི་རེད། བོད་རྒྱའི་དཀའ་ངལ་ཡང་ཕྱི་གསལ་ནང་གསལ་བསམ་པ་རྣམ་དག་ཞིག་བྱུང་བ་ཡིན་ན། ང་ཚོས་ཁ་བྲལ་རྩོད་ཀྱི་མེད། རྒྱལ་རབས་ལོ་རྒྱུས་ལ་མཚོན་ན་ང་ཚོར་ལོ་རྒྱུས་ཡུན་རིང་ལྡན་ཡོད་ཀྱང་ངོས་ནས་དེ་སྐོར་བསམ་བློ་གང་ཡང་གཏོང་གི་མེད། འོན་ཀྱང་མ་འོངས་པར་བསམ་བློ་བཏང་བ་ཡིན་ན་བོད་ཀྱི་ལུང་པ་འདི་ཕྱི་དངོས་པོའི་ཐོག་ནས་རྗེས་ལུས་རེད་དེར་བརྟེན་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་བསྡད་པ་ཡིན་ན་བོད་ཀྱི་འཛུགས་སྐྲུན་ལ་ཁེ་ཕན་ཡོད་པ་ཞིག་མཐོང་སྟེ་ཁ་བྲལ་རྩོད་ཀྱི་མེད། གལ་ཆེ་ཤོས་གང་རེད་ཅེ་ན་བོད་ལ་ཆོས་དང་རིག་གཞུང་སྐད་ཡིག་དམིགས་བསལ་ཅན་ཞིག་ཡོད་པ་རེད། ཆོས་ལ་ཆ་བཞག་པ་ཡིན་ན་ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་ནས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་འདི་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་ཡིན་པ་དེང་སྐབས་འཛམ་གླིང་ཐོག་གི་མཁས་པ་མང་པོས་གསུང་གི་ཡོད་པ་རེད། དེ་འདྲའི་ཆོས་རྒྱ་ཆེན་པོ་དང་གཏིང་ཟབ་པོ་དེ་བརྗོད་བྱར་བྱེད་པའི་རྗོད་བྱེད་ཀྱི་ཚིག་བོད་པའི་ཡི་གེ་དེ་ཧ་ལས་པའི་ཡག་པོ་ཆགས་འདུག ལེགས་སྦྱར་གྱི་སྐད་ཡིག་སྒྲ་བསྒྱུར་བྱས་པ་ཙམ་མ་ཡིན་པར་སྒྲ་བསྒྱུར་དང་དོན་བསྒྱུར་གཉིས་ཀ་ཧ་ཅང་གིས་བཟང་པོ་ཡོད་པ་ཞིག་ཆགས་ཡོད། དེ་འདྲ་ཡིན་ཙང་ང་ཚོས་ཆོས་དང་རིག་གཞུང་དེ་ཡག་པོ་བྱས་ནས་བདག་པོ་རྒྱག་ཐུབ་ན་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་སྤྱིའི་རིག་གཞུང་ལའང་ཕན་ཐོགས་ཡོང་རྒྱུ་དང༌། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་རྒྱ་ནག་རང་གི་ལུང་པའང་ནང་པའི་ལུང་པ་ཆགས་བསྡད་ཡོད་པ་དང་། དེང་སྐབས་ནང་པ་མང་དུ་འགྲོ་གི་ཡོད་པར་བརྟེན་ང་ཚོས་ཏན་ཏན་ཞབས་འདེགས་སྒྲུབ་ཐུབ་ཀྱི་རེད་ལ་གཉིས་ཕན་ཞིག་རེད་བསམ་ངོས་ནས་དེ་ལྟར་དྲན་གྱི་ཡོད།
དྲི་བ་བདུན་པ། གལ་སྲིད་བོད་ལ་ཚད་མཐོའི་རང་སྐྱོང་དང་ཡང་ན་རང་བཙན་ཐོབ་པ་ཡིན་ན་ཁྱེད་ལ་བོད་ཀྱི་འཛིན་སྐྱོང་ལམ་ལུགས་དམངས་གཙོ་ཅན་དུ་འགྱུར་རྒྱུའི་འཆར་གཞི་ཡོད་དམ། ཆོས་སྲིད་གཉིས་ཇི་ལྟར་ཁ་ཁ་བྱེད་རྒྱུ།
བཀའ་ ལན། འདྲི་བ་འདིར་དམིགས་བསལ་འགྲེལ་བཤད་རྒྱག་དགོས་དོན་མི་འདུག་གལ་སྲིད་ཁྱོད་ལ་དུས་ཚོད་བྱུང་ན་རྒྱ་གར་ལ་ཤོག་དང་། བཙན་བྱོལ་ལ་བསྡད་པའི་རིང་ལ་ང་ཚོས་མང་གཙོའི་ལས་འགུལ་གང་འདྲ་སྤེལ་ཡོད་མེད། ལོ་ལྔ་བཅུ་ང་གཅིག་རིང་ང་ཚོས་ཆབ་སྲིད་ཀྱི་ལམ་སྲོལ་དང་མ་འོངས་པའི་བྱེད་ཕྱོགས་གང་འདྲ་ཡོད་མེད་ཁྱོད་རང་གིས་དངོས་སུ་མཐོང་བ་ཡིན་ན་ཤེས་ཀྱི་རེད། ངོས་རང་ཉིད་ལ་མཚོན་ན་ཕྱི་ལོ་ 1969 བཟུང་ནས་ཏཱ་ལའི་བླ་མའི་བླ་བྲང་དགོས་དང་མི་དགོས་བོད་མི་མང་གིས་ཐག་གཅོད་བྱེད་ཀྱི་རེད་མ་གཏོགས་ངོས་ནས་སེམས་འཁུར་གང་ཡང་བྱེད་ཀྱི་མེད། གལ་ཆེ་ཤོས་ནི་བོད་མི་རིགས་ལ་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཞིག་ཡོད་པ་དེ་དག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡག་པོ་ཞིག་དགོས་ཀྱི་འདུག་ཅེས་དང་། བོད་ཀྱི་འཛུགས་སྐྲུན་ལ་ཆ་མཚོན་པ་ཡིན་ནའང་ཁོར་ཡུག་ལ་སྐྱོན་ཆག་མ་ཤོར་བ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ས་མཐོའི་ཁོར་ཡུག་འཕྲོ་རླག་ཤོར་ཆོག་ཆོག་ཡིན་པས་སྐྱོན་ཆག་ཤོར་བ་ཡིན་ན་བོད་ཀྱི་ས་མཐོན་པོ་དང་རླུང་སྐམ་པོ་ཡིན་དུས་རང་བྱུང་ཁམས་ཀྱི་ཆ་གཅིག་ལ་སྐྱོན་ཤོར་བ་ཡིན་ན་སླར་གསོ་བྱེད་པར་དུས་ཡུན་ཧ་ཅང་རིང་པོ་འགོར་གྱི་རེད་ཟེར། དེ་ནི་དམིགས་བསལ་གྱི་གནས་ཚུལ་ཞིག་ཆགས་འདུག བོད་ས་མཐོའི་འཁྱག་རོམ་དེ་དག་ཨེ་ཤ་ཡའི་དབུས་ཀྱི་གཙང་པོ་མང་པོ་ཞིག་གི་འབྱུང་ཁུངས་ཆགས་ཡོད། དེ་འདྲ་ཡིན་དུས་དེ་ལ་དམིགས་བསལ་གྱིས་ལྟ་རྟོག་བྱེད་དགོས།
དྲི་བ་བརྒྱད་པ། ཏཱ་ལའི་བླ་མས་རང་ཉིད་སྐུ་གཤེགས་རྗེས་བཙན་བྱོལ་བོད་མིའི་དབང་ནུས་མཉམ་སྒྲིལ་སྐོར་ལ་གཟིགས་ཚུལ་གང་འདྲ་ཡོད། ཁྱེད་ཀྱི་རྗེས་འཛིན་པ་རྣམས་ཀྱི་དབང་གྲགས་ཀྱིས་བོད་ཀྱི་མི་རིགས་རིང་ལུགས་པ་རྣམས་བཏང་འཛིན་བྱས་ཏེ་ཞི་བདེ་དང་འཚེ་མེད་ཞི་བའི་འཐབ་རྩོད་མངོན་འགྱུར་བྱེད་ཐུབ་བམ།
བཀའ་ལན། ང་མེད་པ་ཆགས་པ་ཡིན་ནའང་གང་ཡང་བྱེད་ཀྱི་མ་རེད། ཁྱོད་རང་ཚོ་ཆོས་དང་སྲིད་ཀྱི་འགན་འཁུར་མཁན་ཚོས་ང་མེད་པ་ནང་བཞིན་བྱས་ཏེ་འགན་འཁུར་དགོས་རེད་ཅེས་ངས་ལོ་ཉི་ཤུ་སུམ་བཅུའི་གོང་ནས་བཤད་ཡོད། ཁོང་ཚོས་ཀྱང་དེ་ལྟར་བྱས་ཏེ་ཉམས་མྱོང་གསག་ནས་འགྲོ་གི་ཡོད། ལོ་ལྔ་རེའི་མཚམས་ལ་འགོ་ཁྲིད་གསར་པ་རེ་སླེབས་ཡོང་གི་ཡོད། ལོ་རྗེས་མར་མི་མང་གིས་འོས་བསྡུ་བྱས་པའི་འགོ་ཁྲིད་གསར་པ་ཞིག་སླེབས་ཀྱི་རེད། ཆོས་ཕྱོགས་ཀྱི་ཆ་ནས་ཆོས་ལུགས་སོ་སོའི་དབུ་ཁྲིད་ཡོད་པ་རེད་ཁོང་ཚོས་གནང་གི་རེད། ངོས་རང་ཡོད་དང་མེད་ཁྱད་པར་མེད་པ་འདྲ་པོ་རེད།
དྲི་བ་དགུ་པ། ཏཱ་ལའི་བླ་མ་ཁྱེད་ཀྱི་བོད་ལ་མང་གཙོའི་རང་སྐྱོང་དགོས་པ་གསུང་གི་ཡོད། འོན་ཀྱང་ཁྱེད་དང་ཁྱེད་ཀྱི་སྐུ་ཕྲེང་གོང་མ་རྣམས་ཀྱིས་བོད་ལ་དབང་སྒྱུར་བྱེད་སྐབས་མང་གཙོའི་དབང་སྒྱུར་བྱེད་ཡོད་དམ། གལ་སྲིད་མེད་ན་ཁྱེད་རང་གིས་བོད་དུ་རྒྱ་དམར་ལས་ལྷག་པའི་མང་གཙོའི་དབང་སྒྱུར་བྱེད་ཐུབ་པའི་གདེང་ཚོད་ཇི་ལྟར་ཡོད་དམ།
བཀའ་ལན། ྋརྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཞི་པ་བར་ཆབ་སྲིད་ཀྱི་ཇུས་གཏོགས་གང་ཡང་གནང་མེད། ྋརྒྱལ་དབང་ལྔ་པ་ཆེན་པོ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཆགས་པ་རེད། དེ་དུས་ནས་ཤར་རྒྱ་ནག་དང་། ལྷོ་རྒྱ་གར། བྱང་ཨུ་རུ་སུ་སོགས་ལ་མང་གཙོ་ཟེར་བའི་སྐད་ཆ་མེད། ཞིང་བྲན་ལམ་ལུགས་ཡིན་པ་གཅིག་མཚུངས་རེད། རེད་དེ་བོད་ནང་ལ་སྤྱིར་སངས་རྒྱས་པའི་ཆོས་དང་ཡང་དགོས་སེམས་ཅན་ཐམས་ཅད་ལ་བྱམས་བརྩེ་བྱེད་དགོས་རེད་ཅེས་པའི་ལྟ་བ་དེ་ཤུགས་ཆེན་པོ་ཁྱབ་ཡོད་པ་ཡིན་དུས་དཔེར་ན་ ལྔ་བཅུ་ང་དགུའི་རྗེས་སུ་བཅོས་བསྒྱུར་བྱས་ཏེ་ས་བདག་ཚོར་འཐབ་འཛིན་བཏོང་སྐབས་ས་བདག་ཚོའི་ཚེ་གཡོག་ཚོའི་ནང་ནས་ས་བདག་ཚོའི་སྲོག་སྐྱོབ་མཁན་ཧ་ཅང་མང་པོ་བྱུང་འདུག ཕྱིས་སུ་རྒྱ་གར་ལ་བཙན་བྱོལ་ཡོང་མཁན་ས་བདག་མང་པོ་ཞིག་རང་ཉིད་ཀྱི་ཚེ་གཡོག་ཚོས་སྐབས་འཕྲལ་ལན་བསྐྱལ་ཏེ་བྲོས་ཐར་འདུག དེ་འདྲ་ཡིན་དུས་ཚེ་གཡོག་གི་མིང་གཅིག་མཚུངས་རེད་དེ་དོན་ལ་ཕལ་ཆེར་ཁྱད་པར་ཡོད། ཕྱི་ལོ་ 1955 ལོ་མཇུག་ནས་སི་ཁྲོན་རྒྱུད་ནས་བོད་ཁུལ་ལ་དམངས་གཙོའི་བཅོས་བསྒྱུར་བྱས་པ་རེད། དམངས་གཙོའི་བཅོས་བསྒྱུར་རྒྱ་ནག་ནང་བྱས་པ་ནང་བཞིན་བྱེད་དུས་བོད་ཀྱི་ས་གནས་སྒང་རན་གྱི་མེད་པ་རེད། གནས་ཚུལ་དེ་འདྲ་བྱུང་འདུག དེའི་རིགས་ཞིབ་འཇུག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་ནས་བཤད་པ་ཙམ་གྱིས་ཁྱོད་ཚོས་ཆ་འཇོག་བྱེད་དགོས་དོན་མེད། རིམ་པས་ཞིབ་འཇུག་བྱེད་རྒྱུའི་རང་དབང་འདྲ་བྱུང་བ་ཡིན་ན་ཞིབ་འཇུག་ཐིལ་ཕྱིན་པ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ྋསྐུ་མདུན་སྐུ་གོང་ མའི་སྐུ་ཚེ་སྨད་ལ་མང་གཙོའི་དགོངས་པ་གང་འཚམ་བཞེས་འདུག ཡིན་ནའང་ལག་ལེན་འཁེལ་ཐུབ་མེད། ཕྱི་ལོ་ 1952 ལོར་ངོས་རང་ལྷ་སར་ཡོད་དུས་ལེགས་བཅོས་སྤྱི་ཚོགས་ཞེས་ཁྲལ་དང་བུ་ལོན་གྱི་འགྲོ་སྟངས་མང་པོ་ཞིག་བཅོས་བསྒྱུར་བྱེད་འགོ་བཙུགས་པ་ཡིན། ཡིན་ནའང་ལག་ལེན་འཁེལ་ཐུབ་མ་སོང་། དེ་ལྟར་ངོས་རང་བོད་ལ་ཡོད་དུས་ནས་བཅོས་བསྒྱུར་བྱེད་རྒྱུའི་བསམ་བློ་ཞིག་ཡོད་པ་ཡིན་དུས་རྒྱ་གར་དུ་སླེབས་མ་ཐག་མང་གཙོའི་སྒྲིག་འཛུགས་བཟོས་ཏེ་ལག་ལེན་བཀལ་བ་ཡིན། མ་འོངས་བོད་གཞིས་བྱེས་མཉམ་འཛོམས་བྱུང་མཚམས་ངོས་ནས་འགན་འཁུར་རྒྱུའི་བསམ་བློ་གང་ཡང་མེད། ཕྱི་ལོ་ 1992 ལོ་ནས་ངོས་ཀྱིས་གསལ་པོ་བཤད་ཟིན། ནམ་ཞིག་བོད་ལ་རང་སྐྱོང་ངམ་རང་དབང་གང་འཚམས་བྱུང་སོང་ན་ང་ཚོ་ལོག་གི་རེད། ཡིན་ནའང་དེ་མཚམས་ངོས་ནས་ལོ་རྒྱུས་ཀྱི་ཐོག་ཏཱ་ལའི་བླ་མར་དམིགས་བསལ་གྱི་འགན་དབང་ཡོད་པ་ཚང་མ་ས་གནས་གཞུང་དེ་ལ་རྩིས་སྤྲོད་ཀྱིས་ངོས་ནས་འགན་འཁུར་གང་ཡང་ལེན་གྱི་མིན་ཞེས་བརྗོད་ཡོད། ད་ལྟ་ཡིན་ནའང་བསམ་བློ་དེ་རང་ཡིན་མ་གཏོགས་མ་འོངས་པར་ངོས་ནས་འགན་འཁུར་གྱི་ཡིན་ཞེས་ནམ་ཡང་དྲན་གྱི་མེད།
དྲི་བ་བཅུ་པ། ཏཱ་ལའི་བླ་མ་མཆོག་གིས་ད་ལྟ་བོད་ཀྱི་ས་ཁུལ་དུ་ཡོད་པའི་རྒྱ་རིགས་སྡོད་དམངས་རྣམས་དང་ལྷག་པར་དུ་བོད་ཁུལ་གྱི་རྒྱ་མི་མི་རབས་གཉིས་པ་སོགས་ལ་གཟིགས་ཚུལ་གང་འདྲ་ཡོད། ཚད་མཐོའི་རང་སྐྱོང་གིས་ཁོ་ཚོ་མཐའ་ཁོབ་ཅན་དུ་འགྱུར་སྲིད་ལ། དེ་ནི་ཁྱེད་དང་བཙན་བྱོལ་བོད་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་བོད་ཁུལ་གྱི་རྒྱ་རིགས་རྣམས་ཀྱི་སེམས་ཁྲལ་རེད།
བཀའ་ལན། བོད་ནི་རང་སྐྱོང་གི་ས་ཁུལ་ཞིག་ཆགས་ཡོད། དེའི་ནང་བོད་མི་རིགས་གྲངས་ཉུང་མི་རིགས་ཆགས་ཤེས་ཀྱི་མ་རེད། དེ་མིན་རྒྱ་རིགས་གྲོགས་པོ་ག་ཚོད་བསྡད་ཀྱང་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན། ལྷག་པར་དུ་རྒྱ་རིགས་གྲོགས་པོ་ཚོའི་ནང་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཡོད་པ་བྱུང་ན་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན། ངོས་ནས་ནམ་རྒྱུན་རྩེད་མོ་དང་བཅས་དེ་ལྟར་ཤོད་ཀྱི་ཡོད། རྒྱ་རིགས་གྲོགས་པོ་ཚོས་ང་ཚོར་ཁ་ལག་ཞིམ་པོ་བཟོས་ང་ཚོ་བོད་པ་ཚོས་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་རྒྱ་རིགས་གྲོགས་པོ་ཚོར་སེམས་ཀྱི་ཁ་ལག་སྤྲད་ཅེས་ངོས་ནས་དེ་ལྟར་ཤོད་ཀྱི་ཡོད། དེར་བརྟེན་སེམས་ཁྲལ་རྩ་བ་ནས་བྱེད་དགོས་དོན་མེད། གཞན་རྒྱ་རིགས་གྲོགས་པོ་བོད་པར་མཐོང་ཆུང་བྱེད་མཁན། བོད་པའི་ཆོས་ལབ་དུས་སྡུག་པོ་ཞིག་ལ་ངོས་འཛིན་བྱེད་མཁན་དང་བོད་པ་ལབ་དུས་དྲི་མ་ཚ་པོ་ཞིག་ལ་ངོས་འཛིན་བྱེད་མཁན་དེ་དག་དྲི་མ་ཚ་པོའི་ནང་བསྡད་ཀྱང་དགོས་པ་གང་ཡང་མེད་དུས་སོ་སོའི་ས་ཆ་གཙང་མ་ཡོད་ས་དེར་ལོག་ཕྱིན་ན་བཟང༌། བོད་ནི་སངས་རྒྱས་ཀྱི་ཆོས་གཙོ་བོ་བྱེད་མཁན་ཞིག་རེད། སངས་རྒྱས་ཀྱི་ཆོས་ནང་མི་རིགས་ཀྱི་དབྱེ་བ་གང་ཡང་གསུངས་མེད། སྔར་བོད་ཀྱི་དགོན་པ་ཁག་གི་ནང་མཁན་པོ་མང་པོ་སོག་པོས་བྱས་མྱོང་ཡོད་ལ་རྒྱ་རིགས་དཔེ་ཆ་ལྟ་མཁན་དེ་འདྲ་ཡོད་པ་རེད། ང་ཚོ་མི་རིགས་ཁ་ཁ་རེད་དེ་དབྱེ་བ་ཁྱོན་ནས་ཡོད་པ་མ་རེད། དེ་བཞིན་རྒྱ་རིགས་གྲོགས་པོ་ཚོའི་ནང་ནས་མཁས་པ་བྱུང་བ་ཡིན་ན་བོད་ཀྱི་མཁན་པོ་བྱེད་ཆོག་ལ་བོད་ཀྱི་བླ་མ་ཡང་བྱེད་ཆོག་གི་རེད། ཁྱད་པར་ཁྱོན་ནས་མེད།། ༎