༢༠༡༠ ཟླ་ ༧ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །འཕྲོད་བསྟེན་ལས་ཁུངས་ནས་གནས་ཚུལ་མཁོ་སྤྲོད་བྱུང་དོན་ལྟར་ན། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༨ ཉིན་རྒྱལ་སྤྱིའི་གཉེན་ནད་རེག་དུག་གམ་ཨེ་ཌི་སི་མཐུན་ཚོགས་ (International AIDS Society) ཀྱི་གོ་སྒྲིག་འོག་རྒྱལ་སྤྱིའི་གཉེན་ནད་རེག་དུག་ཚོགས་འདུ་ (International AIDS Conference) ཐེངས་ ༡༨ པ་དེ་ཨོ་སི་ཊི་ཡའི་རྒྱལ་ས་ཝི་ཨ་ནར་འགོ་འཛུགས་བྱས་ཡོད། དེ་ཡང་ཕྱི་ཚེས་ ༡༨ ནས་ ༢༣ བར་ཉིན་གྲངས་དྲུག་རིང་ཚོགས་པའི་ཚོགས་འདུ་དེའི་ནང་རྒྱལ་ཁབ་ ༡༨༥ ཀྱི་ཚོགས་བཅར་བ་ཉིས་ཁྲི་ལྔ་སྟོང་བརྒལ་བས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་ཀྱང་ཚོགས་འདུར་མཉམ་ཞུགས་གནང་ཡོད། ཚོགས་འདུ་དབུ་འཛུགས་ཀྱིས་ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བེན་ཀི་མུན་ (Ban Ki-Moon) མཆོག་གིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་སོ་སོས་གཉེན་ནད་རེག་དུག་སྐོར་ལ་ལས་འགུལ་ཇི་སྤེལ་ངོ་སྤྲོད་གནང་བ་དང་འབྲེལ། ཚོགས་བཅར་བ་ཡོངས་ཀྱིས་གཉེན་ནད་རེག་དུག་གི་ནད་གཞི་སྔོན་འགོག་དང་བརྟག་དཔྱད། གཉེན་ནད་རེག་དུག་གི་ནད་པ་རྣམས་སྤྱི་ཚོགས་ནང་ཐོན་ཐུབ་ཐབས། དེ་བཞིན་སྤྱི་ཚོགས་ནས་ནད་པ་ཚོར་ངོས་ལེན་ཡོང་ཐབས་བྱེད་དགོས་པ་སོགས་ཀྱི་ཐོག་བགྲོ་གླེང་ལྷུག་པོ་གནང་ཡོད་པ་བཅས།།