༢༠༡༠ ཟླ་ ༧ ཚེས་ ༡༦ རེས་གཟའ་པ་སངས།
༄༅། འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨ་རིའི་ས་གནས་འོས་བསྡུ་ལས་ཁང་གི་ཚོགས་གཙོ་ཨ་རི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་ནས་ཕྱི་ཚེས་ ༡༤ ཉིན་བྱང་ཨ་རིའི་ས་གནས་འོས་བསྡུའི་ཚོགས་མི་དང་། འོས་བསྡུ་དང་འབྲེལ་བའི་ལས་བྱེད་རྣམས་ལ། ཡང་བསྐྱར་གལ་པོ་ཆེ་ལ་ནན་ཏན་གྱི་དཔེ་ལྟར་དེབ་སྐྱེལ་བྱེད་སྟངས་བྱེད་ལུགས་དང་། རང་ལོ་ ༡༨ ཡན་གྱི་བོད་མི་ཚང་མས་བཀའ་ཁྲི་དང་སྤྱི་འཐུས་འོས་བསྡུའི་ནང་མཉམ་ཞུགས་ཡོང་ཐབས། མང་ཚོགས་རྣམས་ལ་སྔོན་འགྲོའི་འོས་གཞི་དང་། དངོས་གཞིའི་འོས་བསྡུའི་དུས་ཚོད་ག་དུས་ཡིན་མིན་གསལ་བསྒྲགས་སྔོན་སོང་ལྟར་དྲན་སྐུལ་ཡང་ཡང་དགོས་པ། དེབ་སྐྱེལ་ཐེངས་གཅིག་མིན་པར་མུ་མཐུད་དེབ་སྐྱེལ་གྱི་གོ་སྐབས་བསྐྲུན་དགོས་པ། དབུས་འོས་བསྡུ་ལས་ཁང་ནས་གཏན་འབེབས་གནང་བའི་དེབ་སྐྱེལ་གྱི་དུས་ཚོད་ནང་ས་གནས་ཚང་མས་དེབ་སྐྱེལ་ཟིན་པ་བྱས་ནས་དེབ་སྐྱེལ་མིང་གཞུང་རྣམས་ས་གནས་འོས་བསྡུ་ལས་ཁང་དུ་ག་དུས་འབྱོར་དགོས་པ་སོགས་འོས་བསྡུ་དང་འབྲེལ་བའི་ལས་དོན་མང་པོ་ཞིག་གི་སྐོར་ལ་སླར་ཡང་གསལ་བསྒྲགས་གནང་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་བཟང་གསར་གཏོད་མཛད་པར་བརྟེན་འོས་བསྡུ་སྤྱི་དང་། ལྷག་པར་ད་ཐེངས་ཀྱི་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པ་དང་། བཀའ་ཁྲི་སྐབས་ ༣ པའི་འོས་བསྡུ་དེ་ནི་དམིགས་བསལ་གྱི་གལ་ཆེན་ཞིག་ཡིན་སྟབས་བྱང་ཨ་རིའི་ཁྱབ་ཁོངས་བོད་མི་ཚང་མས་ཆ་ཤས་ལེན་ཐུབ་པའི་ཆེད། ས་གནས་འོས་བསྡུ་ལས་ཁང་ནས་ད་བར་འོས་བསྡུ་དང་འབྲེལ་བའི་གསལ་བསྒྲགས་ཐེངས་བཞི་གནང་ཡོད་པ་དང་། ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༧ ཐོག་དོན་གཅོད་ལས་ཁུངས་སུ་ས་གནས་འོས་བསྡུའི་ཚོགས་འདུ་ཞིག་སླར་ཡང་སྐོང་ཚོགས་གནང་ཡོད་པ་བཅས།།