༢༠༡༠ ཟླ་ ༧ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༥ ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་ཆོས་འཁོར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་སྔ་དྲོ་ཆུ་ཚོད་ ༧ ཐོག་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་གནས་སྡོད་བོད་རིགས་སེར་སྐྱ་མི་མང་རྣམས་ནས་རང་ལུགས་གཟབ་མཆོར་ལེགས་པར་གྱོན་པ་དང་ལྷན་གནའ་སྲོལ་བཟང་པོ་མི་ཉམས་རྒྱུན་འཛིན་དང་། བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་དྲིན་རྗེས་དྲན་སླད་ཁུལ་དེར་ཡོད་པའི་དགོན་པ་གཉིས་ཀྱི་མདུན་དུ་ཚང་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་རྒྱ་ཆེ་གནང་། དེ་རྗེས་མི་མང་རྣམས་ལ་གསོལ་ཇ་དང་བག་ལེབ་ཕུལ་བ་དང་ཆབས་ཅིག་དགེ་འདུན་པ་དང་གཞིས་མི་རྣམས་ནས་བཀའ་འགྱུར་དང་བསྟན་འགྱུར་འཁྱེར་ཏེ་ལྡི་ལི་བོད་སྒར་དུ་སྐོར་སྐྱོད་གནང་ཡོད། གཞན་ཡང་ཆོས་འཁོར་དུས་ཆེན་དང་སྟབས་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་སྐུ་བགེགས་ཀྱི་མཚན་མ་ཕྲ་མོས་ཀྱང་མ་རེག་པར་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་ཆེད་མ་ན་ལི་དང་རོ་དྲང་ཁུལ་དུ་དར་ལྕོག་གང་མང་སྒྲེང་འཛུགས་གནང་ཡོད་པ་བཅས།།