ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །འདི་གར་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། སིངྒ་པུར་གནས་འཁོད་བོད་ཀྱི་ནང་ཆོས་བསྟི་གནས་ཁང་གཙོས་ས་གནས་ཀྱི་རིས་མེད་ཆོས་བརྒྱུད་ཁག་གི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྒོའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་གནང་བ་ལྟར་ལྡི་ལི་སྐུ་ཚབ་དོན་གཅོད་དང་བཀའ་བློན་གཅིག་ལྕོགས་བསྟན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢ ནས་ཟླ་ ༧ ཚེས་ ༥ བར་སིངྒ་པུར་དུ་ཆེད་ཕེབས་གནང་ཡོད། དེ་ཡང་དོན་གཅོད་མཆོག་གིས་ཚེས་ ༢ ཉིན་སིངྒ་པུར་གནས་འཁོད་རིས་མེད་ཆོས་བརྒྱུད་ཁག་གི་ཆོས་ཚོགས་བསྟི་གནས་ཁག་འགར་འཚམས་གཟིགས་གནང་སྟེ་ཚེས་ ༣ ཉིན་མགྲོན་བདག་ཆོས་ཚོགས་ཐུན་མོང་ནས་གོ་སྒྲིག་གནང་བའི་རིས་མེད་ཆོས་ཚོགས་ཀྱི་ལས་སྣེ་རྣམ་པ་དང་སིངྒ་པུར་གནས་སྡོད་རྒྱ་རིགས་དད་ལྡན་མི་གྲངས་ ༦༠ ཙམ་དང་ལྷན་༸གོང་ས་མཆོག་གི་སྐུ་ཕྱའི་སླད་སྨོན་ལམ་གསོལ་འདེབས་དང་དེ་རྗེས་དེ་ཉིན་གྱི་ལས་རིམ་སྔོན་སྒྲིག་ལྟར་ཉ་རིགས་ཚེ་མཐར་གཏོང་བར་མཚོ་ཁར་ལྷན་ཕེབས་གནང་། ཚེས་ ༤ ཉིན་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་སིངྒ་པུར་གནས་སྡོད་བོད་རིགས་སེར་སྐྱ་མི་གྲངས་ ༥༠ ཙམ་དང་ས་གནས་སུ་གཏན་སྡོད་རྒྱ་རིགས་བཅས་བསྡོམས་མི་གྲངས་ ༣༠༠ ཙམ་འདུ་འཛོམས་བྱུང་བའི་དབུས་སྐུ་མགྲོན་མཆོག་ནས་༸གོང་ས་མཆོག་གི་མཛད་འཕྲིན་ཐོག་གསུང་བཤད་གནང་བ་མ་ཟད། སིངྒ་པུར་གནས་འཁོད་རིས་མེད་ཆོས་བརྒྱུད་ཁག་གི་ཆོས་ཚོགས་ནང་ཁུལ་མཐུན་སྒྲིལ་སྔར་ལྷག་དགོས་རྒྱུ་དང་། དད་ལྡན་ཆོས་ཞུ་བ་ནང་ཆོས་དོ་སྣང་ཡོད་མཁན་ལ་ལུགས་མཐུན་ནང་ཆོས་ངོ་སྤྲོད་དང་ནང་ཆོས་ཀྱི་གཞི་རིམ་བསླབ་བྱ་འགལ་མེད་ཀྱི་སྒོ་ནས་གཞན་ཕན་སྙིང་བཅང་ཐོག་བླ་སློབ་ཀྱི་འབྲེལ་ལམ་གོང་མཐོར་གཏོང་དགོས་སྐོར་གསུང་བཤད་གནང་ཡོད