༢༠༡༠ ཟླ་ ༧ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་སྒྲ་སྒྱུར་སྡེ་ཚན་གཉིས་ཀྱིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༣ ཉིན་ཕྱེད་ཡོལ་ཆུ་ཚོད་ ༢ པའི་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་དང་སྒྲིག་གཞིའི་སྐོར་ལ་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས་གསུང་བཤད་གནང་ཡོད། དེ་ཡང་ཐོག་མར་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཤེས་རིག་བཀའ་བློན་མཆོག་གི་ལོ་ རྒྱུས་སྙིང་བསྡུས་དེར་འདུས་མི་གྲངས་ ༤༠ བརྒལ་བར་ངོ་སྤྲོད་གནང་རྗེས་བཀའ་བློན་མཆོག་གིས་བཙན་བྱོལ་བོད་གཞུང་འཛིན་སྐྱོང་དང་སྒྲིག་གཞིའི་སྐོར་ལ་ངོ་སྤྲོད་གསུང་བཤད་གནང་བའི་སྙིང་དོན། དེ་རིང་འདི་གར་ཕེབས་པའི་སེར་སྐྱ་ཕོ་མོ་ཡོང་ལ་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་གི་སྒྲིག་གཞི་འདི་ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༢༨ ཉིན་གཏན་འབེབས་གནང་བ་ཞིག་རེེད། ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་གྱུར་བྱུང་རྗེས་༸གོང་ས་མཆོག་གི་དབུས་བོད་མི་མང་དག་ཅིག་བཙན་བྱོལ་དུ་མ་ཡོང་ཐབས་མེད་ཀྱི་གནས་སུ་གྱར་བ་རེད། ༸གོང་ས་མཆོག་འདི་གར་ཆིབས་སྒྱུར་བསྐྱངས་རྗེས་ཕྱི་ལོ་ ༡༩༦༠ པའི་ནང་མི་མང་ལ་མང་གཙོའི་ལམ་ལུགས་གསོལ་རས་སྩལ། དེ་ནས་སྤྱི་འཐུས་སྐབས་ ༡༠ བར་རྩ་བའི་མང་གཙོའི་འགྲོ་སྟངས་ལྟར་སྤྱི་འཐུས་ཡོད་པ་གང་ཞིག་ལ་སྤྱི་འཐུས་ཁྲིམས་བཟོ་ལྷན་ཚོགས་ཡིན་ཡང་སྤྱི་འཐུས་སྐབས་བཅུ་པ་བར་ཁྲིམས་བཟོ་ལྷན་ཚོགས་ཆགས་མི་འདུག སྤྱི་འཐུས་སྐབས་ ༡༠ དེ་ནི་དུས་ཚོད་ལོ་ལྔ་མ་རྫོགས་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་ཏེ་སྤྱི་འཐུས་སྒོ་རྒྱག་འཇུག་གནང་མཛད་དེ་སྤྱི་འཐུས་སྐབས་ ༡༡ པ་ནས་སྤྱི་འཐུས་མང་དུ་གཏོང་གནང་མཛད་དེ་སྤྱི་འཐུས་སྐབས་བཅུ་གཅིག་ནས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོ་རང་བྱེད་དགོས་པའི་བཀའ་ཕེབས་ཡོད། དེ་ནས་བཟུང་བཙན་བྱོལ་གཞུང་བཅའ་ཁྲིམས་གཏན་འབེབས་བྱེད་རྒྱུ་དང་དེས་མཚོན་པའི་འཛིན་སྐྱོང་དང་དཔལ་འབྱོར་གྱི་སྒྲིག་གཞི། དེ་བཞིན་གཞུང་ཞབས་བླང་དོར་དང་ལས་བྱེད་བཀོད་སྒྲིག་གི་སྒྲིག་གཞི་སོགས་ཕལ་ཆེར་སྤྱི་འཐུས་སྐབས་བཅུ་གཅིག་དང་བཅུ་གཉིས་ནང་སྒྲིག་གཞི་ཁག་བཅུ་དྲུག་ཙམ་ཞིག་གཏན་འབེབས་བྱས་ཡོད། གང་ལྟར་འཛིན་སྐྱོང་གི་ལས་ཀ་གང་བྱས་ཀྱང་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་འོག་བྱེད་དགོས་པ་མ་གཏོགས་གང་བྱུང་མ་བྱུང་བྱས་ཆོག་གི་མེད། ཅེས་སོགས་ཀྱི་གསུང་བཤད་ཟབ་རྒྱས་གནང་རྗེས་དྲི་བ་དྲིས་ལན་ཡང་གནང་ཡོད་པ་བཅས།།