༢༠༡༠ ཕྱི་ཟླ་ ༧ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡ ཉིན་རྡ་ས་གངས་སྐྱིད་ཁ་བ་དཀར་པོ་རིག་གཞུང་སྲི་ཞུ་ཁང་ནས་བསྐྱར་དཔར་གནང་བའི་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་ཞེས་པའི་ཚིག་མཛོད་གཅིག་དབུ་འབྱེད་གནང་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་དང་། ཤེས་རིག་རྩོམ་རིག་སྡེ་ཚན་གྱི་འགན་འཛིན་ཀརྨ་སྨོན་ལམ་ལགས། བོད་མི་མང་སྤྱི་འཐུས་དང་ཁ་བ་དཀར་པོ་རིག་གཞུང་སྲི་ཞུ་ཁང་གི་འགན་འཛིན་གསེར་རྟ་ཚུལ་ཁྲིམས་ལགས། བང་ཆེན་གསར་ཁང་གི་ལས་བྱེད་དང་། གསར་འགོད་པ་བཅས་མི་གྲངས་ ༢༠ བརྒལ་བའི་དབུས་ཐོག་མར་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་དཔེ་དེབ་དབུ་འབྱེད་དང་གསུང་བཤད་གནང་གྲུབ་བསྟུན་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ། རྒྱ་བོད་དབྱིན་གསུམ་གྱི་གསར་བྱུང་རྒྱུན་བཀོལ་ཚིག་མཛོད། ཅེས་པ་འདི་ནི་བོད་བཞུགས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ནས་གཙོ་འགན་བཞེས་ཐོག་བོད་ཀྱི་རིག་གཞུང་ལ་ལྷག་བསམ་རབ་ཏུ་དཀར་བའི་བོད་རྒྱ་དབྱིན་གསུམ་ལ་མཁས་པའི་མཁས་དབང་ལྔ་བཅུ་ཙམ་ནས་ལོ་གསུམ་རིང་ངལ་བ་ཁྱད་བསད་ཀྱིས་ཞིབ་འཇུག་ཐོག་ལེགས་བསྒྲིགས་གནང་བའི་ཐ་སྙད་གསར་པ་གྲངས་ཆིག་ཁྲི་ལྷག་ལ་བོད་རྒྱ་དབྱིན་གསུམ་གྱི་ཐོག་ནས་འགྲེལ་བཤད་ཡོད་པའི་མིང་མཛོད་ཤོག་ངོས་གྲངས་ ༩༧༥ ཡོད་པ་བཅས་སོ།