༄༅། །བོད་ཆོས་སྲིད་ཟུང་འབྲེལ་མང་གཙོའི་ཆབ་སྲིད་ཀྱི་ལམ་སྲོལ་དབུ་བརྙེས་ནས་ལོ་ ༤༦ འཁོར་བའི་དུས་ཆེན་ཁྱད་པར་ཅན་འདིར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱིས་རྒྱུན་དུ་ཕན་གྲོགས་གནང་མཁན་གྱི་གཞུང་དང་གྲོས་ཚོགས། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག དེ་བཞིན་རྒྱལ་སྤྱིའི་མང་ཚོགས་བཅས་པར་མཛའ་བརྩེའི་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
མིའི་རིགས་ནི་སྤྱི་ཚོགས་དང་སྒྲིག་འཛུགས་ལ་བརྟེན་པའི་སེམས་ཅན་ཞིག་ཡིན་སྟབས། ཆབ་སྲིད་ཀྱི་ལམ་སྲོལ་དང་གཞུང་གི་སྒྲིག་འཛུགས་རང་གི་ཁྱབ་ཁོངས་ཡུལ་མི་རྣམས་ཀྱི་མངོན་འདོད་དང་ཕན་བདེ་སྒྲུབ་པའི་བརྒྱུད་ལམ་གཙོ་བོ་ཞིག་ཡིན་པ་དང་། མི་ལོ་སྟོང་ཕྲག་མང་པོའི་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་དར་བའི་ཚོགས་ཀྱི་གཙོ་བའི་ལམ་སྲོལ་དེ་དེང་རབས་གོང་མའི་གནས་སྐབས་འདིར་ཆབ་སྲིད་ཀྱི་ལམ་སྲོལ་བཟང་ཤོས་ཤིག་ཏུ་གྱུར་ཡོད་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་གཞོན་ནུའི་གནས་སྐབས་ནས་བོད་མིའི་ཆབ་སྲིད་ཀྱི་ལམ་སྲོལ་མང་གཙོའི་རིང་ལུགས་སུ་བསྒྱུར་གནང་མཛད་རྒྱུའི་དགོངས་བཞེད་རླབས་ཆེན་ཞིག་ཡོད་ཀྱང་རྒྱ་དམར་གྱི་བཙན་དབང་གིས་ཕྱག་བསྟར་ཐུབ་པ་མ་བྱུང་རུང་། བཙན་བྱོལ་དུ་ཕེབས་འཕྲལ་གཞུང་གི་འཛིན་སྐྱོང་སྒྲིག་འཛུགས་བསྐྱར་བཅོས་དང་འབྲེལ་ཚད་ལྡན་མང་གཙོའི་རིང་ལུགས་སྲོལ་འབྱེད་གནང་སྟེ་ ༡༩༦༠ ཕྱི་ཟླ་ ༩ ཚེས་ ༢ ཉིན་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས་ཐུབ་པ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་འཕྲིན་ལས་ཀྱི་ནུས་མཐུ་ལས་གྲུབ་པ་ཞིག་ཡིན་སྟབས། མང་གཙོའི་ལམ་བཟང་དབུ་བརྙེས་པའི་དུས་ཚིགས་ཁྱད་པར་ཅན་འདི་བཞིན་བོད་མི་ཡོངས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀྲིན་རྗེས་དྲན་ཞུ་དགོས་པའི་དུས་ཚིགས་ཤིག་ཀྱང་ཡིན།
འདས་པའི་ལོ་ ༤༦ རིང་ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་ཤིག་ཡོད་པ་རིམ་སེལ་གྱི་སྒོ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་འཕེལ་རིམ་ཇེ་མཐོར་སོང་སྟེ་ད་ཆ་བཙན་བྱོལ་གྱི་གནས་སྐབས་སུའང་བཅའ་ཁྲིམས་ལྡན་པའི་མང་གཙོའི་ལམ་སྲོལ་ཚང་ལ་མ་ནོར་བ་ཞིག་ལག་བསྟར་བྱ་རྒྱུའི་གོ་སྐབས་བྱུང་ཡོད། ཕྱི་ལོ་ ༡༩༩༡ ལོར་སྤྱི་འཐུས་སྐབས་བཅུ་གཅིག་པས་རྩ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་ཀྱི་མཛད་འགན་བཞེས་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབ་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་ཆོག་མཆན་དང་གསལ་བསྒྲགས་བསྐྱངས་པ་ནས་བཟུང་མང་གཙོའི་རིང་ལུགས་ཀྱི་རྨང་གཞིའི་ཁྲིམས་ཡིག་དང་སྒྲིག་འཛུགས་ཁག་སྲ་བརྟན་ཕུན་སུམ་ཚོགས་པ་བྱུང་སྟེ་ཁྲིམས་བཟོ་དང་། འཛིན་སྐྱོང་། ཁྲིམས་ལུགས་དབང་འཛིན་བཅས་སྡེ་ཚན་ཟུར་དབྱེ་དང་། འགན་དབང་ཆ་བགོས། བཏང་འཛིན་ལྗིད་མཉམ་གྱི་ལམ་སྲོལ་ཕྲ་ཚུགས་ཟིན་པ་མ་ཟད། བཅའ་ཁྲིམས་ནང་གསལ་གྱི་རང་དབང་ཅན་གྱི་སྡེ་ཚན་ཁག་ནུས་ལྡན་དང་། མང་ཚོགས་ཀྱི་བསམ་སྤྱོད་དང་། ་བརྗོད་ཀྱི་རང་དབང་གོང་མཐོར་སྤེལ་བའི་གསར་འགྱུར་བརྒྱུད་ལམ་ཡང་མི་ཉུང་བ་ཞིག་ཡོད་པ་བཅས་མདོ་དོན་མང་གཙོའི་རིང་ལུགས་ལ་མཁོ་བའི་ཁྲིམས་ཀྱི་སྒྲོམ་གཞི་དང་སྒྲིག་འཛུགས་རྣམས་མ་ཚང་བ་མེད་པ་གྲུབ་ཟིན་ཅིང་། ད་ཆ་ཡུལ་མི་སྤྱི་དང་། ཁྱད་པར་མང་པོས་བཀྲབས་པའི་སྐུ་ཚབ་འཐུས་མི་རྣམས་ཀྱིས་སྒྲོམ་གཞི་དེ་དག་བེད་སྤྱོད་གནང་ཕྱོགས་ཁྲིམས་མཐུན་དང་། ཚད་ལོངས་པ་ཞིག་བྱུང་ན་འགྲན་ཟླ་མེད་པའི་མང་གཙོའི་སྤྱི་ཚོགས་ཚད་ལྡན་ཞིག་ཡོང་རྒྱུ་གདོན་མི་ཟ། འོན་ཀྱང་མང་ཚོགས་ཀྱི་ཤེས་ཡོན་དང་། རང་དབང་གི་རྣམ་དཔྱོད། དེ་བཞིན་བསམ་ཚུལ་དང་ལྟ་གྲུབ་འདྲ་མིན་ཁག་གི་དབར་གོ་རྟོགས་དང་། བཟོད་བསྲན། རྨོངས་ཞེན་སྤངས་ཤིང་རིགས་པའི་ལམ་ནས་སྤང་བླང་ཤེས་པ། སྒེར་ལས་སྤྱི་གཙོ་ཆེ་བ་དང་། མང་མོས་ལ་ཉུང་བས་བརྩི་བཀུར་དྭང་ལེན་ཐུབ་པ་སོགས་མེད་དུ་མི་རུང་བའི་ལེགས་བྱང་གི་གནས་ཚད་ད་ལྟའང་འདེང་ངེས་མེད་པ་དེ་དག་འདེང་ངེས་ཡོང་ཐབས་ལ་བོད་རིགས་སྤྱི་དང་། ལྷག་པར་སྲོལ་རྒྱུན་དང་།དེང་རབས་ཀྱི་ཤེས་ཡོན་འདབ་ཤོག་གཉིས་ལྡན་ན་གཞོན་རྣམས་ཀྱིས་ཐུགས་སྣང་ཆེ་བསྐྱེད་དགོས་པའི་འབོད་བསྐུལ་ཞུ་རྒྱུ་ཡིན། རྒྱུན་དུ་བརྒྱུད་ལམ་དང་ཆབ་སྲིད་ཀྱི་འཁྲབ་སྟེགས་ཐོག་མཐོང་ཐོས་མེད་པའི་གཞི་རིམ་མང་ཚོགས་རྣམས་ཀྱིས་བོད་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ལྷིང་རྩ་འཛིན་གནང་ཐུབ་པ་དེ་ནི་དགའ་སྤོབས་སྐྱེ་འོས་པའི་གནས་ཚུལ་ཞིག་ཡིན་སྟབས། ཁྱེད་རྣམ་པར་དམིགས་བསལ་གྱིས་བསྔགས་བརྗོད་ཞུ་རྒྱུ་མ་ཟད། མང་གཙོའི་ལམ་སྲོལ་ལག་བསྟར་བྱ་རྒྱུར་བཙན་བྱོལ་བོད་མིའི་བསམ་བློའི་གནས་ཚད་མ་ལོངས་པའི་འདོད་ཚུལ་གསུང་མཁན་རྣམས་ལ་དངོས་དོན་ར་འཕྲོད་བྱུང་བ་འདིའི་ཐོག་ནས་གཞི་རིམ་བོད་མི་རྣམས་ཀྱི་རྣམ་དཔྱོད་དང་སྲིད་དོན་གྱི་ནུས་པའི་ཚོད་དཔག་དམའ་བ་མི་གནང་བའི་རེ་བསྐུལ་ཡང་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་ སྨོན་འདུན་ཞུ་རྒྱུ་ཡིན། བཀའ་ཤག་ནས།།