༄༅། །བཙན་བྱོལ་བོད་མིའི་ཆབ་སྲིད་ཡང་དག་པའི་མང་གཙོའི་རིང་ལུགས་སུ་བསྒྱུར་ནས་ལོ་ ༤༤ འཁོར་བའི་དུས་ཆེན་འདིའི་ཉིན་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ཚོས་ལོངས་སྤྱོད་བཞིན་པའི་མང་གཙོའི་ལམ་སྲོལ་འདི་རྒྱལ་ཁབ་གཞན་གྱི་མང་གཙོའི་འཕེལ་རིམ་དང་མི་འདྲ་བར་སྔར་མ་གྲགས་པའི་བྱུང་རིམ་ཞིག་ཡིན། རྒྱལ་ཁབ་ཕལ་མོ་ཆེར མང་ཚོགས་ཀྱིས་གཅིག་སྡུད་དབང་འཛིན་པར་རྒོལ་འཛིངས་ཀྱིས་མི་རབས་མང་པོར་ལུས་སྲོག་བློས་བཏང་གི་དཀའ་སྤྱད་ཆེན་པོས་མང་གཙོ་བསྒྲུབས་དགོས་བྱུང་བ་དེ་ལྟར་ཡང་། རང་ཅག་རྣམས་ཀྱི་གོ་རྟོགས་དང་། མངོན་འདོད་མེད་བཞིན་དུ་༸གོང་ས་ཆེན་པོས་ཕུགས་རྒྱང་རིང་པོའི་བོད་རིགས་ཀྱི་ཁེ་ཕན་ལ་གཟིགས་ཏེ་མང་གཙོ་ཨུ་ཚུགས་ཀྱིས་བསྩལ་བའི་གནང་སྱིན་ཞིག་ཡིན། ༸གོང་ས་མཆོག་གིས་སྲིད་དབང་བཞེས་མ་ཐག་པ་ནས་མང་གཙོའི་གསར་བརྗེ་ཞིག་བྱུང་ན་ཅི་མ་རུང་དགོངས་པའི་ཐུགས་འདུན་གྱིས་འབད་བརྩོན་གནང་ཡང་། ཕྱི་ལོ་ ༡༩༥༩ བར་རྒྱ་དམར་བཙན་གནོན་དབང་གིས་བོད་ཀྱི་ཆབ་སྲིད་ལ་ལེགས་བཅོས་གང་ཡང་གནང་མ་ཐུབ། འོན་ཀྱང་བཙན་བྱོལ་དུ་ཕེབས་འཕྲལ་དུས་ཡུན་ཐུང་ངུའི་ནང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་དམ་འབུལ་ཐུབ་པ་བྱུང་བ་ནི་ཡ་མཚན་དངོས་བྱུང་ཞིག་ཡིན། དེ་ནས་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང་། རྩ་ཁྲིམས་ཟིན་བྲིས་རྒྱས་པ་བཅས་རིམ་བཞིན་གསལ་བསྒྲགས་གནང་སྟེ་འབྱུང་འགྱུར་བོད་མིའི་ཆབ་སྲིད་ཀྱི་ལམ་ཕྱོགས་གསལ་སྟོན་གནང་ཡོད་རུང་། མང་ཚོགས་ཀྱི་ཤེས་ཡོན་དང་། བློ་སྤོབས། གསར་བརྗེའི་འདུན་པ་བཅས་མ་འདེང་བའི་དབང་གིས་༸གོང་ས་མཆོག་གི་ཐུགས་འདོད་ལྟར་གྱི་མང་གཙོའི་འཕེལ་རིམ་ཚད་ལྡན་དང་མགྱོགས་མྱུར་ཡོང་མ་ཐུབ་པའི་དཀའ་ངལ་ཕྲད་ཡོད་ཀྱང་། དུས་ནས་དུས་སུ་༸གོང་ས་ཆེན་པོ་གང་ཉིད་ཀྱིས་ཐག་གཅོད་ལམ་སྟོན་མཛད་དེ་མཐའ་དོན་མང་གཙོའི་ལྟ་གྲུབ་དང་སྒྲིག་འཛུགས་ཀྱི་ཆ་ལག་ཐམས་ཅད་ཚང་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་སྟེ། ཁྲིམས་བཟོ་དང་། འཛིན་སྐྱོང་། ཁྲིམས་འཛིན་བཅས་ཀྱི་འགན་དབང་ཆ་བགོས་དང་། ཟུར་ དབྱེ། བཏང་འཛིན་ལྗིད་མཉམ་ཡོད་པའི་ལམ་སྲོལ་ཞིག་བསྩལ་ཡོད། དེ་འདྲའི་ལམ་སྲོལ་དང་སྒྲོམ་གཞི་བཟང་པོ་འདི་བཙན་བྱོལ་བོད་མི་སྤྱི་དང་། ལྷག་པར་གཞོན་སྐྱེས་དེང་རབས་ཀྱི་ཤེས་ཡོན་ཡོད་པ་རྣམས་ཀྱིས་བེད་སྤྱོད་དང་སྲུང་སྐྱོབ་བྱས་ཏེ་གསར་བརྗེའི་འགྱུར་འགྲོས་མདུན་བསྐྱོད་མ་ཐུབ་ན་ལམ་སྲོལ་བཟང་ཡང་འཆར་ཅན་ཆོ་ག་ཕྱག་ལེན་ལྟ་བུར་གྱུར་ཏེ་ལྟ་གྲུབ་དང་ལམ་སྲོལ་གྱི་ལེགས་ཆའི་ནུས་པ་རིམ་ཡལ་གྱིས་མང་ཚོགས་ཀྱི་མངོན་འདོད་བསྒྲུབ་པ་ལ་ཕན་མེད་གནོད་སྐྱེལ་ཡོང་སྲིད། ཆུའང་འབབ་རྒྱུན་བཀག་ནས་བསྐྱིལ་ན་རུལ་སུངས་སུ་འགྱུར་བ་བཞིན་སྤྱི་ཚོགས་དང་ཆབ་སྲིད་ཀྱི་འཕེལ་རིམ་དུ་འགྱུར་འགྲོས་འགགས་ན་སྲོལ་ངན་རྙིིང་རུལ་དུ་འགྱུར་ངེས་གཤིས། ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་ནི་རིག་གནས་ཀྱི་སྲོལ་རྒྱུན་ལྟར་འགྱུར་མེད་རྒྱུན་འཛིན་བྱ་རྒྱུ་ཞིག་མིན་པར། འགྱུར་བ་དང་གསར་བརྗེའི་འཕེལ་ཤུགས་མ་ཉམས་པ་བྱེད་དགོས་པ་དང་། བྱེད་ཆོག་པ། བྱེད་ཐུབ་པ་བཅས་ནི་མང་གཙོའི་ཁྱད་ཆོས་ཡིན། དོན་གྱི་དབང་འདི་གཟིགས་ནས་བོད་མིའི་མང་གཙོའི་རྣམ་འདྲེན་༸གོང་ས་མཆོག་གིས་ད་ལྟའི་བཀའ་བློན་ཁྲི་པའི་དམ་འབུལ་སྐབས་འགྱུར་བ་གང་ཐུབ་གཏོང་རྒྱུའི་འབད་རྩོལ་བྱེད་དགོས་ཞེས་བཀའ་སློབ་གནང་ཡོད། བཀའ་སློབ་དེ་ཉིད་སྙིང་བཅངས་ཀྱིས་བཀའ་ཤག་ནས་སྲིད་བྱུས་དང་། སྒྲིག་འཛུགས། འཛིན་སྐྱོང་གང་ཅིའི་ཐད་ལག་ལེན་འཁེལ་མིན་ལ་མ་ལྟོས་པར་གསར་བརྗེ་དང་འགྱུར་བ་གཏོང་ཕྱོགས་སྐོར་བསམ་ཞིབ་དང་གྲོས་བསྡུར་གྱིས་ལྟ་གྲུབ་ཀྱི་རྒྱབ་རྟེན་དང་ལས་དོན་བྱེད་ཕྱོགས་ཀྱི་རིག་པའི་གཞུང་ལུགས། ཁྲིམས་དང་སྒྲིག་གཞི། རྩ་འཛིན་ལམ་སྟོན་གང་ལ་ཅི་འོས་གཏན་འབེབས་ཀྱིས་གནས་ཚུལ་མང་ཙམ་ལས་བྱེད་པའི་བསམ་ཚུལ་དང་མི་མང་གི་དགའ་མོས་ཡོང་མིན་ལ་མ་བལྟས་པར། ༸གོང་ས་མཆོག་གི་དགོངས་གཞི་དང་མི་འགལ་ཞིང་། བོད་མིའི་རྩ་དོན་དང་ཕུགས་དམིགས་ལ་ཕན་ཐོགས་ཡོད་པའི་ལས་དོན་རྣམས་བསམ་ཕོད་པ་དང་། བཤད་ཕོད་པ། བྱེད་ཕོད་པ་བྱས་ཡོད་ཅིང་། དེར་བརྟེན་འདས་ལོ་གསུམ་གྱི་ནང་འགྱུར་བ་དང་གསར་གཏོད་ཕྲན་ཙམ་བྱུང་བ་དེ་དག་བར་ཆད་མ་བྱུང་ན་ལོ་བཅུ་ཕྲག་ཁ་ཤས་ནང་གྲུབ་འབྲས་མི་ཉུང་བ་ཡོང་རྒྱུའི་ཡིད་ཆེས་དང་། འབྱུང་འགྱུར་གཟུར་གནས་དཔྱོད་ལྡན་རྣམས་ཀྱིས་བྱུང་རབས་དེབ་ཐེར་འགོད་སྐབས་རིན་ཐང་མ་ནོར་བར་གཞལ་བའི་རེ་བའང་ཡོད། གཞི་རིམ་གྱི་ལྟ་གྲུབ་གསུམ་ལ་བརྟེན་ཞིང་། ཡུལ་ཁྲིམས་དང་བཟང་སྤྱོད་ལས་མ་འདས་པར་ཐག་གཅོད་བྱེད་པའི་ལས་དོན་ཅི་རིགས་ལ་བརྟེན་ནས་འགའ་ཤས་ལ་སྐབས་འཕྲལ་དཀའ་ངལ་དུ་སྣང་བ་དང་། མི་རེ་ཟུང་གི་སྒེར་དོན་ལ་དོ་ཕོག་སོང་རྐྱེན་འདོད་བློ་མ་ཁེངས་པས་བདེན་པ་མིན་པའི་དྲིལ་བསྒྲགས་བྱས་པ། སྒེར་འཁོན་ཅན་གྱིས་ལེགས་བཅོས་ཀྱི་ཆེད་མིན་པར་གང་ཟག་བྱེ་བྲག་པར་དམའ་འབེབས་དང་མིང་བྱད་བཟོ་སླད་བསྒྲགས་གཏམ་སྤེལ་བ་སོགས་ལ་བརྟེན་ནས་དེང་སྐབས་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་གི་ལས་དོན་དང་སྣེ་མོ་བ་རྣམས་ཀྱི་སྐོར་ཐེེ་ཚོམ་དང་། དྭོགས་པ། འདོད་བློ་མ་ཁེངས་པ་མང་དག་ཅིག་སྤྱི་ཚོགས་ནང་ཡོང་བཞིན་པ་དེ་དག་བཀའ་ཤག་གིས་མ་ཤེས་པའམ་ཚོར་སྣང་མེད་པ་མིན་ཡང་། སྔ་ཕྱི་མ་གཏོགས་བདེན་པའི་གནས་ལུགས་ཇི་ཡིན་ས་རིས་ཐང་གསལ་ཡོང་རྒྱུའི་ཡིད་ཆེས་དང་། ལས་དོན་མཐོ་གང་ལ་དྲིལ་བསྒྲགས་འདོམས་གང་བྱ་རྒྱུའི་གོམས་གཤིས་མེད་སྟབས་ད་བར་ངོ་ཐུག་གིས་དྲི་བ་བྱེད་མཁན་ལ་ལན་འདེབས་ཙམ་ལས། དྭང་བླངས་ཀྱིས་གསལ་བཤད་བྱ་རྒྱུའི་འབད་རྩོལ་བྱས་མེད། འོན་ཀྱང་མང་གཙོའི་སྤྱི་ཚོགས་ཀྱི་ནང་ཡོད་པའི་མཁྱེན་ལྡན་རྣམས་ཀྱིས་བཤད་ཚད་བདེན་པར་མ་བཟུང་བར། བརྟག་ཞིབ་ཀྱིས་དབུ་མ་འཁོར་བ་གནང་རྒྱུ་ཡུལ་མིའི་ལས་འགན་ཡིན་པའང་མཁྱེན་དགོས།
༸གོང་ས་ཆེན་པོས་རེ་བ་བཟང་ས་ནས་བརྒྱབ་དགོས་པ་དང་། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ལྟར། བཀའ་ཤག་གིས་བོད་རྒྱ་ཞི་མོལ་གྱི་ལམ་ནས་བོད་དོན་བདེན་མཐའ་འཕྲལ་མྱུར་གསལ་ཐབས་དང་། བོད་དོན་བདེན་མཐའ་གསལ་རྒྱུར་འགོར་གཞི་བྱུང་ཚེ་བོད་མི་རྣམས་ཀྱིས་མི་རབས་རིམ་བརྒྱུད་སྲོག་ལས་གཅེས་པར་བཟུང་བའི་སྲོལ་རྒྱུན་གྱི་རིག་གཞུང་དང་ལེགས་བྱང་རྒྱུན་འཛིན་ཐུབ་ཐབས། མི་རིགས་ཀྱི་ངོས་འཛིན་མ་བརླག་པར་གནས་ཐབས་སུ་བཙན་བྱོལ་བོད་མི་རྣམས་མཉམ་དུ་འདུས་སྡོད་ཐུབ་ཐབས། བོད་མིའི་དངོས་པོ་དང་བསམ་པའི་དགོས་མཁོ་སྒྲུབ་ཐབས། འཚོ་རྟེན་སྲ་བརྟན་ཡོང་ཐབས་བཅས་སུ་ཕུགས་དམིགས་ཡོད་པའི་ལས་གཞི་སྤེལ་རྒྱུ་གཉིས་ཀ་གལ་ཆེ་མཉམ་དུ་བརྩིས་ནས་འབད་རྩོལ་འདྲ་མཚུངས་བྱས་པ་ཡིན། བཙན་བྱོལ་བོད་མི་གནས་ཡུལ་གཙོ་བོ་རྒྱ་བལ་འབྲུག་གསུམ་ཡིན་ནའང་། བལ་འབྲུག་གཉིས་སུ་སྲིད་དོན་གྱི་ཁོར་ཡུག་གིས་རྒྱ་ཆེའི་ལས་གཞི་བརྩམ་དཀའ་ཡང་། བོད་མི་མང་ཤོས་དང་། ༸གོང་ས་མཆོག་གི་བཞུགས་སྒར། བཙན་བྱོལ་གཞུང་གི་བསྟི་གནས་བཅས་རྒྱ་གར་དུ་ཡོད་པར་བརྟེན། རྒྱ་གར་ནང་གཞིས་ཆགས་དང་སྒྲིག་འཛུགས་ཁག་སྲ་བརྟན་ཡོང་རྒྱུའི་ཆེད་འབད་རྩོལ་བྱས་ཡོད། ད་ལྟ་༸གོང་ས་མཆོག་གི་འཕྲིན་ལས་ཀྱི་གཟི་བྱིན་དང་། ༡༩༥༩ ནས་བཟུང་རྒྱ་གར་གཞུང་གིས་བོད་དང་བོད་མིར་འཛིན་པའི་སྲིད་བྱུས་བརྟན་གནས་ཐུབ་པར་བརྟེན། བཙན་བྱོལ་བོད་མི་ཡོངས་རྫོགས་རང་དབང་ཆེན་པོས་འཚོ་གནས་ཐུབ་པ་བྱུང་ཡང་། རྒྱ་གར་ནང་སྐྱབས་བཅོལ་བའི་ཆེད་རྒྱལ་སྤྱི་དང་། རྒྱལ་ནང་གི་ཁྲིམས་ཡིག་གང་ཡང་མེད་པར་འཛིན་སྐྱོང་གི་ཐག་གཅོད་འོག་གནས་པ་ཡིན་སྟབས། བཙན་བྱོལ་བོད་མི་དང་དེའི་སྒྲིག་འཛུགས་ཁག་ཡུལ་ཁྲིམས་ཀྱི་སྲུང་སྐྱོབ་འོག་བརྟན་ལྷིང་གནས་ཐུབ་པ་ཡོང་སླད་དེབ་སྐྱེལ་བྱས་པའི་ཚོགས་པ་དང་། དགེ་རྩ། མཉམ་འབྲེལ་བཅས་སྲ་བརྟན་དང་། དེ་དག་གི་ལས་དོན་རྣམས་ཁྲིམས་མཐུན་ཡོང་ཐབས། ཁྲིམས་སྒྲིག་ཡིག་ཆ་ལེགས་བཅོས་དགོས་རིགས་ལེགས་བཅོས་བྱ་རྒྱུ་བཅས་ཀྱི་ཐབས་ཤེས་བྱེད་ཀྱི་ཡོད།
བཙན་བྱོལ་བོད་མི་སྤྱི་དང་། ལྷག་པར་བོད་མི་གསར་འབྱོར་བ་ཚང་མར་སྐྱབས་བཅོལ་ལག་འཁྱེར་མེད་པར་ཁྲིམས་འགལ་གྱིས་བསྡད་པའམ། ཁྲིམས་མཐུན་མིན་པའི་ལག་འཁྱེར་བཟོས་པ་སོགས་ནམ་ཕུགས་དཀའ་ངལ་ཡོང་གཞིར་བརྟེན། བོད་རིགས་ཡིན་ནོ་ཅོག་ལ་སྐྱབས་བཅོལ་ལག་འཁྱེར་བཟོ་ཐབས་རྒྱ་གར་གཞུང་ལ་རེ་སྐུལ་ཞུས་ཏེ་ད་ཆ་བོད་མི་གསར་འབྱོར་ཡོངས་ལ་རྒྱ་གར་ནང་འཛུལ་ཞུགས་ཆོག་པའི་དམིགས་བསལ་ལག་འཁྱེར་བལ་ཡུལ་དུ་རྒྱ་གར་གཞུང་ཚབ་ཁང་ནས་ཞུ་སྤྲོད་ཀྱི་ལམ་སྲོལ་གཏོད་ཐོག དེ་སྔོན་འབྱོར་བའི་བོད་རིགས་ལག་འཁྱེར་མེད་མཁན་རྣམས་ལ་ཐེངས་གཅིག་སྐྱབས་བཅོལ་ལག་འཁྱེར་གསར་བཟོའི་ཆེད་མིང་ཐོ་རྒྱ་གར་གཞུང་ལ་ཕུལ་ཟིན། གསར་འབྱོར་བ་རེ་ཟུང་བལ་ཡུལ་དུ་ལག་འཁྱེར་བསྒུག་ཡུན་མ་ཆོག་པར་རང་འཚམས་ཀྱིས་རྒྱ་གར་ནང་ཡོང་བ་དང་། དུས་ཐོག་ཕྱིར་ལོག་མ་བྱས་པ་ཡོང་གི་འདུག་པ་དེ་དག་བཙན་བྱོལ་གཞུང་གིས་འགན་ཁུར་མི་ཐུབ།
མང་གཙོའི་སྙིང་དོན་ནི་ཁྲིམས་ཀྱི་དབང་སྒྱུར་ཡིན་པ་དང་། ཡུལ་མིས་ཡུལ་ཁྲིམས་མ་བསྲུང་ན་མང་གཙོའི་གཞི་རྩ་བྲལ་བས་བོད་མི་རྣམས་ཁྲིམས་སྒྲིག་བརྩི་བསྲུང་ཞུ་བའི་གོམས་གཤིས་སྤེལ་ཐབས་བྱེད་བཞིན་པ་ཡིན། གཞུང་གི་འཛིན་སྐྱོང་ཚགས་ཚུད་ཡོང་མིན་ལས་བྱེད་པར་རག་ལུས་སྟབས། བཅའ་ཁྲིམས་དགོངས་དོན་ལྟར་ལས་བྱེད་པའི་ཤེས་འཇོན་དང་། འགན་དབང་། ཐོབ་ཐང་བཅས་གཅིག་གྱུར་དང་ཚད་ལྡན་ཡོང་ཆེད་དབུས་སུ་རང་ཁུངས་ལས་བྱེད་གསར་བསྐོ་མཚམས་འཇོག་དང་། ཕྱོགས་མཐའི་རང་ཁུངས་ལས་བྱེད་རྣམས་འབྲེལ་ཡོད་རང་སྐྱོང་སྡེ་ཚན་སོ་སོའི་སྲི་ཞུ་བར་སྒྱུར་ཐབས། གཞུང་ཞབས་རྣམས་སྒྲིག་གྲལ་གསུམ་དུ་དབྱེ་སྟེ་རིམ་པས་ཁྱད་ལས་པར་སྒྱུར་ཐབས་བསམ་ཞིབ་བྱེད་བཞིན་པ་ཡིན།
ཉམ་ཐག་ལྟ་སྐྱོང་བྱ་རྒྱུ་གཞུང་གི་ལས་འགན་ཡིན་སྟབས། དྭང་ཟུར་ཉམ་ཐག་ཞིབ་འཇུག་གིས་ཉམ་ཐག་གྲངས་ ༥༡༦ ལ་ཕྱི་ལོ་ ༢༠༠༣ ཟླ་ ༧ ཚེས་ ༡ ནས་འཚོ་སྣོན་འབུལ་འགོ་ཚུགས་ཏེ་ལོ་རེའི་རྒྱུན་གྲོན་ ༣༩བྱ༡༤བྱ༠༠༠ ཙམ་འགྲོ་རྒྱུ། སྤྱི་ཡོངས་ཉམ་ཐག་བསྐྱར་ཞིབ་ཀྱིས་ད་བར་སྤྱི་རྒྱུན་གྱིས་གཟིགས་ཞིབ་ཟིན་པ་གྲངས་ ༡༡༣༠ ལ་ ༢༠༠༤ ཕྱི་ཟླ་ ༤ ཚེས་ ༡ ནས་འཚོ་སྣོན་འབུལ་འགོ་ཚུགས་ཏེ་ལོ་རེའི་འགྲོ་གྲོན་སྒོར་འབུམ་བདུན་ཅུ་ལྷག་འགྲོ་རྒྱུ། གཞུང་གི་དམིགས་ཡུལ་གཙོ་བོ་རྒས་གཅོང་མ་གཏོགས་ཉམ་ཐག་གཞན་གང་མྱུར་ཉམ་ཐག་གི་གནས་ལས་འགྲོལ་ཐབས་དང་། ཉམ་ཐག་མིན་པ་ཉམ་ཐག་ཏུ་མི་བརྫུ་བ། ཉམ་ཐག་ངོ་མ་སྣང་མེད་མ་ལུས་པ་བྱ་རྒྱུ་ཡིན་པས་རྒས་གཅོང་དང་། ཕྲུ་གུ་མང་བ། ནད་མནར། ལས་འཕེར་དབུལ་ཕོངས་བཅས་སྡེ་ཚན་བཞི་རུ་ཕྱེ་སྟེ་སོ་སོར་ལྟ་སྐྱོང་བྱེད་ཕྱོགས་གཏན་འབེབས་བྱས་ཡོད། ན་གཞོན་བར་ལྡིང་རྣམས་སྤྱི་ཚོགས་ཀྱི་དཀའ་ངལ་ཞིག་ཡིན་སྟབས། དེ་དག་གི་ཆེད་སྔོན་ཡོད་ན་གཞོན་རམ་འདེགས་ལས་གཞི་རྒྱ་བསྐྱེད་དང་། རོགས་སྐྱོར་སྡེ་ཚན་གཞན་དང་མཉམ་འབྲེལ། དབུས་ཀྱི་ལས་འཆར་གསར་པ་ཁག་བཅས་ཀྱི་ཐོག་ནས་རིང་མིན་དཀའ་སེལ་ཐུབ་རེ་དང་། དེའི་ཆེད་ནང་སྲིད་དུ་ལས་འཚོལ་སྡེ་ཚན་གསར་འཛུགས་བྱ་རྩིས་ཡིན།
ད་ཡོད་ཉམ་ཐག་དང་བར་ལྡིང་ན་གཞོན་གྱི་དཀའ་ངལ་གདོང་ལེན་བྱེད་སྐབས་ནམ་ཕུགས་དེ་རིགས་ཡོང་གཞི་མེད་པ་བཟོས་མ་ཐུབ་ན་ཕན་ཐོགས་མེད་སྟབས། གཞིས་ཆགས་བརྟན་ལྷིང་དང་། དབུལ་ཕོངས་རོགས་སྐྱོར། ཁ་ཐོར་བསྡུ་རུབ་བཅས་ལ་དམིགས་ཏེ་ད་ཡོད་གཞིས་ཆགས་ཁག་གི་ཞིང་ལས་སྐྱེ་ལྡན་དང་རང་བཞིན་སོ་ནམ་དུ་སྒྱུར་ཐབས། ལས་བཟོ་དང་བཟོ་ལས་ཆུང་ཙག་ཡར་རྒྱས། མཉམ་འབྲེལ་ཁག་ཚགས་ཚུད་ཡོང་ཐབས། སྤྱི་མཐུན་མཉམ་འབྲེལ་གསར་འཛུགས་བཅས་ཀྱི་སྲིད་བྱུས་དང་།རིག་གཞུང་གཏན་ལ་ཕབ་སྟེ་དབུས་ས་སོ་སོ་ནས་གཏན་འབེབས་བྱས་པའི་ལས་རིམ་འགྲོ་བཞིན་པ་རྣམས་རྒྱུན་མཐུད། གསར་པ་རྣམས་རིམ་པས་འགོ་འཛུགས་བྱ་རྩིས།
མི་རིགས་ཀྱི་ནུས་ཤུགས་ལུས་སེམས་བདེ་ཐང་ལ་རག་ལུས་པས་སྲོལ་རྒྱུན་གྱི་གསོ་བ་རིག་པ་དང་། སྔོན་འགོག་གཙོ་བོར་འཛིན་པའི་འཕྲོད་བསྟེན་གྱི་སྲིད་བྱུས་ཤིག་བཟུང་སྟེ་གཞི་རིམ་འཕྲོད་བསྟེན་བསྟི་གནས་ཁག་དང་འཕྲོད་ལས་པ་རྣམས་ཀྱི་སྲི་ཞུ་ཡར་རྒྱས་གཏོང་ཐབས། ནད་རིགས་སྔོན་འགོག་གི་ལས་གཞི་ཁག མྱོས་རྫས་ངན་གོམས་ཅན་རྣམས་ལ་དམིགས་བསལ་ལྟ་རྟོག་གི་ལས་གཞི། དེ་བཞིན་དབང་པོ་སྐྱོན་ཅན་ལྟ་རྟོག་གི་ལས་གཞི་རྣམས་འགྲོ་བཞིན་པ་ཡིན།
ཤེས་ཡོན་ནི་ལེགས་ཚོགས་ཀུན་གྱི་རྩ་བར་སོང་། བཙན་བྱོལ་བོད་རིགས་ན་གཞོན་ཡོངས་ལ་ཤེས་ཡོན་གྱི་གོ་སྐབས་ངེས་སྤྲོད་དགོས་པའི་སྲིད་བྱུས་དམ་འཛིན་ཐོག་འདས་པའི་ལོ་གཉིས་མ་ཟིན་ཙམ་གྱི་རིང་ཕྱི་ནང་གི་མཁས་དབང་རྣམ་པ་དང་། དགེ་རྒན་རྣམ་པ། མང་ཚོགས་བཅས་ལ་གོ་བསྡུར་གཏིང་ཟབ་བྱས་པའི་སྙིང་དོན་གཞི་རིམ་ཤེས་ཡོན་གྱི་སྲིད་བྱུས་ཟིན་བྲིས་གཏན་འབེབས་ཟིན་པ་དང་། མཐོ་རིམ་ཤེས་ཡོན་གྱི་སྲིད་བྱུས་འགོད་སྒྲིག་བྱེད་མུས་ཡིན། ད་ལྟའི་ཤེས་ཡོན་གྱི་ལམ་སྲོལ་དང་སྒྲོམ་གཞི་གཉིས་ཀར་འགྱུར་བ་ཆེ་ཙམ་ཞིག་མ་བཏང་ན་ད་ཡོད་སློབ་གྲྭ་ཁག་ཡར་རྒྱས་ཚད་ལྡན་གཏོང་ཐབས་མེད་པར་མཐོང་སྟེ། གཞི་རིམ་སློབ་གྲྭ་ཁག་གི་འཛིན་སྐྱོང་དང་། ཤེས་ཡོན་ལམ་སྲོལ་གཉིས་ཀར་ད་ཡོད་མཐུན་རྐྱེན་དང་བསྟུན་ཏེ་འགྱུར་བ་གང་ཐུབ་གཏོང་རེ་ཡིན། བོད་ཀྱི་སྐད་ཡིག་ནང་དོན་གཙོ་གྱུར་སྲོལ་རྒྱུན་རིག་གནས་ཀྱི་ཆེད་ཕྱུག་ཚད་མཐོ་ཡང་། དེང་དུས་ཀྱི་རིག་གསར་མང་པོའི་བརྗོད་ཚིག་མི་འདེང་བ་རྣམས་ཐ་སྙད་གསར་པ་ཡོངས་ཁྱབ་ཚད་འཛིན་ཐུབ་པ་བཟོ་སླད་ལས་གཞི་འགོ་བཙུགས་ཟིན། བོད་ཀྱི་ཆོས་སྲིད་དང་། སྤྱི་ཚོགས། རིག་གཞུང་དང་བཅས་པའི་དེ་བྱུང་གི་རིག་པ་ལོ་རྒྱུས། དེང་རབས་དང་མཐུན་པ་དང་གཞན་གྱི་ཀླན་ཀ་ལ་གདོང་ལེན་ཐུབ་པ་བཟོ་སླད་ལས་གཞི་སྒྲིག་བཞིན་ཡོད།
བཙན་བྱོལ་གཞུང་གི་ལས་ཁུངས་མ་ལག་དང་། ཁྱབ་ཁོངས་སྡེ་ཚན་རྣམས་ཀྱི་གལ་ཆེའི་ཡིག་ཆ་རྣམས་དུས་མཐུན་བདག་གཅེས་བྱ་ཡུལ་མེད་པས། ལོ་ ༢༠ སྔོན་གྱི་ཡིག་ཆ་རྣམས་རྙེད་དཀའ་བར་གྱུར་སྟབས། ཡིག་རིགས་སྲུང་སྐྱོབ་སླད་ཆོས་རིག་ལས་ཁུངས་སུ་ཡིག་མཛོད་ཁང་གི་ལས་གཞི་ཞིག་གསར་གཏོད་བྱ་རྩིས་ཡིན།
རྩ་དོན་བོད་རྒྱ་ཞི་མོལ་ལ་བར་ཆད་མང་ཡང་བོད་རྒྱའི་དབར་བསྐྱར་གསོ་བྱུང་བའི་འབྲེལ་བ་མུ་མཐུད་གནས་ཐོག་བཟང་ཕྱོགས་ཀྱི་འགྱུར་བའི་རེ་བ་དང་། འབད་བརྩོན། མཐུན་པའི་ཁོར་ཡུག་སྐྲུན་ཐབས་བྱེད་བཞིན་པ་ཡིན། མང་ཚོགས་ནས་ཁོར་ཡུག་སྐྲུན་ཐབས་ལ་མཐུན་འགྱུར་གནང་བར་ལེགས་སོ་བརྗོད་རྒྱུ་དང་། བར་སྐབས་ཅུང་ཟད་ལྷོད་གཡེང་གི་རྣམ་པ་འདུག་སྟབས། བསྐྱར་དུ་རེ་སྐུལ་ཞུ་རྒྱུ་ཡིན།
ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་གཞིས་ཆགས་ཟིན་པའི་བོད་རིགས་རྣམས་ཀྱིས་ཆོས་རིག་འཛིན་སྐྱོང་དང་། ཁོང་ཚོའི་ཕྲུ་གུར་བོད་སྐད་ཀྱིས་མཚོན་པའི་བོད་མིར་མཁོ་བའི་སློབ་སྦྱོང་གི་མཐུན་རྐྱེན་སྐྲུན་ཐབས་བསམ་ཞིབ་བྱེད་མུས་ཡིན། རྒྱལ་སྤྱིའི་འབྲེལ་ལམ་གོང་མཐོར་གཏོང་སླད་ཐབས་བྱུས་གང་མཚམས་ད་ལན་དོན་གཅོད་ཚོགས་འདུའི་ཐོག་གོ་བསྡུར་ཐག་གཅོད་བྱས་པ་ཡིན།
གཞུང་གི་དཔལ་འབྱོར་ཕུགས་བརྟན་ཡོང་ཐབས་སུ་ལས་གཞི་ལག་བསྟར་བྱས་པ་རྣམས་ལམ་ལྷོང་བྱུང་སྟེ་ད་ཆ་བུན་དངུལ་བརྒྱ་ཆ་ ༧༥་༥༦ ཕྱིར་སློག་ཟིན་པ་དང་། འཕྲོས་བརྒྱ་ཆ་ ༢༤་༤༤ འབྱུང་འགྱུར་ལོ་གཉིས་ཀྱི་ནང་ཕྱིར་སློག་ཐུབ་རྒྱུ། འདས་པའི་རྩིས་ལོ་གཉིས་ཀྱི་ནང་གཏན་འཇགས་མ་དངུལ་བརྒྱ་ཆ་ ༧༢་༨༦ འཕར་ཆ་བྱུང་བ་དང་། འཆར་ལོ་གསུམ་གྱི་ནང་གཏན་འཇགས་མ་དངུལ་བརྒྱ་ཆ་ ༡༠༠ འཕར་ཆ་ཡོང་འཆར་ཡིན། ༢༠༠༡ ཕྱི་ཟླ་ ༣ ཚེས་ ༣༡ ཉིན་གཞུང་དང་ཁྱབ་ཁོངས་སྡེ་ཚན་ཡོངས་ཀྱི་ཡོང་བསྡད་སྒོར་འབུམ་ཆིག་སྟོང་ལྔ་བརྒྱ་དགུ་བཅུ་གོ་དགུ་ཡོད་པ་ནས་ ༢༠༠༤ ཕྱི་ཟླ་ ༣ ཚེས་ ༣༡ བར་སྒོར་འབུམ་ ཆིག་སྟོང་ཉིས་བརྒྱ་བཞི་བཅུ་ཞེ་གཅིག་ཕྱིར་བསྡུ་ཐུབ་ཡོད།
གོང་གསལ་གལ་ཆེའི་དོན་གནད་ཁག་ལག་བསྟར་ཆེད་གཅིག་བསྡུས་འཆར་གཞི་གསུམ་པའི་ནང་ ༢༠༠༤ ནས་ ༢༠༠༧ བར་འགོ་འཛུགས་ཐུབ་རེ་ཡོད་པའི་ལས་འཆར་གྲངས་ ༥༣༤ གཏན་འབེབས་བྱས་པ་དེ་དག་ལ་དགོས་དངུལ་བསྡོམས་ཧིན་སྒོར་འབུམ་ཆིག་ཁྲི་བཞི་བརྒྱ་བཞི་བཅུ་ཞེ་གསུམ་དགོས་པ་ནས་ད་ལྟ་དགོས་དངུལ་ཐོན་ཟིན་སྒོར་འབུམ་སུམ་སྟོང་དྲུག་བརྒྱ་བཅུ་གསུམ་ཕུད། ཐབས་འཚོལ་བྱ་དགོས་སྒོར་འབུམ་དྲུག་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་དགུ་ཡོད་པ་ ༢༠༠༤ ཕྱི་ཟླ་ ༨ ཚེས་ ༡༨ ནས་རྒྱལ་སྤྱིའི་ནང་འབོད་སྐུལ་ཞུས་ཟིན། ད་ཕན་བོད་མིའི་ལས་གཞི་མང་ཆེ་༸གོང་ས་མཆོག་གིས་བསྩལ་དངུལ་ཙམ་མ་གཏོགས་བོད་མིའི་ངོས་ནས་རྒྱབ་སྐྱོར་དེ་ཙམ་བྱུང་མི་འདུག ད་རེས་ལས་གཞི་ཁག་ལ་བོད་མི་འབྱོར་ལྡན་རྣམས་ཀྱིས་ཀྱང་རྒྱབ་སྐྱོར་ཡོང་བའི་དམིགས་བསལ་རེ་སྐུལ་ཞུ་རྒྱུ་ཡིན།
མདོ་དོན་བོད་དོན་བདེན་མཐའ་གསལ་ལ་ཉེ་ཡང་ཕྱི་ནང་གི་བར་ཆད་ཀྱི་དབང་དུ་འགྲོ་བཞིན་པ་འདི་བོད་མིའི་སྤྱི་མཐུན་བསོད་ནམས་ཀྱིས་མ་འཆུན་པར་སྣང་བས་གཞིས་བྱེས་བོད་རིགས་ཡོངས་ཀྱིས་སྤྱི་མཐུན་བསོད་ནམས་གསོག་རྒྱུ་གལ་གནད་ཤིན་ཏུ་ཆེ་བས། ལྷ་བླའི་ལུང་བཞིན་སྤྲེལ་ལོ་འདིའི་ནང་བོད་རིགས་ཚང་མར་ཆོས་སྤྱོད་གསོལ་འདེབས་ཞབས་རིམ་རྒྱ་གང་ཆེ་བསྒྲུབ་གནང་ཡོང་བའི་འབོད་སྐུལ་ཞུས་པ་ལ་ཚང་མས་ཐུགས་ཁུར་ཆེ་བསྐྱེད་གནང་འདུག་པར་བསྔགས་བརྗོད་དང་། ལོ་འདིའི་བོད་ཟླ་ ༡༢ པའི་ནང་༸གོང་ས་མཆོག་རྡོར་གདན་དུ་༸ཞབས་འཁོད་ཐོག་རིས་མེད་ཆོས་ལུགས་ཆོས་བརྒྱུད་རྣམས་ཀྱི་བླ་ཆེན་རྣམས་གདན་ཞུས་ཀྱིས་བྱང་ཆུབ་ཆེན་པོར་མཆོད་འབུལ་རྒྱས་པ་དང་། ཐུབ་པའི་དབང་པོར་ན་བཟའ་གསོལ་ལྷུང་གཙུག་ཏོར་ཏོག་རྒྱན་བཅས་འབུལ་རྒྱུ་ཐུགས་གཏན་འཁེལ་བར་བོད་མི་རྒན་བྱིས་ཚང་མས་འབྲེལ་བ་ཐོགས་སླད་ཞལ་འདེབས་མི་རེ་ངོ་རེས་སོ་སོའི་གནས་ཡུལ་གྱི་སྒོར་གཅིག་དང་པད་ཉེར་ལྔ་ལས་མ་ཉུང་བ་དང་། སྒོར་ཉེར་ལྔ་ལས་མ་མང་བ་རེ་ངེས་པར་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན།
བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་བསྡུ་བྱས་པ་ནས་བཟུང་བཀའ་ཤག་གིས་མི་མང་ལ་ཐད་ཀར་འགན་ཁུར་ལན་འདེབས་ཞུས་དགོས་ཀྱང་། ད་བར་ཐད་ཀར་འགན་ཁུར་ཚད་ལྡན་མ་ཐུབ་པར་དགོངས་སེལ་ཞུ་རྒྱུ་དང་། འབྱུང་འགྱུར་མང་ཚོགས་ལ་ཐད་ཀར་འགན་ཁུར་ལན་འདེབས་ཐུབ་ཐབས་ཞུ་རྒྱུ་ཡིན། མི་མང་གི་ཆེད་དུ་མི་མང་གིས་བཙུགས་པའི་མི་མང་གི་གཞུང་དེས་མི་མང་གི་མངོན་འདོད་བསྒྲུབ་ཐུབ་པ་ཞིག་ཡོང་དང་མི་ཡོང་མི་མང་གི་རྒྱབ་སྐྱོར་དང་ལམ་སྟོན་ལ་རག་ལུས་པས། བཙན་བྱོལ་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་ཐོག་མི་མང་གིས་ཐུགས་སྣང་ཆེན་པོས་གཟིགས་སྐྱོང་དང་། བདེན་པ་མིན་པའི་བསྒྲགས་གཏམ་ལ་དབུ་མ་འཁོར་བར་རང་དབང་གིས་ཞིབ་འཇུག་དང་འབྲེལ་སྐྱོན་འདོན་ལམ་སྟོན་ཐད་ཀར་གནང་བའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། བོད་མིའི་མང་གཙོའི་འཕེལ་རིམ་གོང་མཐོར་འགྲོ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཇཡཇགཏ།