༢༠༡༠ ཟླ་ ༧ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །འདི་གར་ཕྱི་དྲིལ་ཁོར་ཡུག་ཚན་པའི་ལས་བྱེད་ཁག་གཅིག་གིས་རྒྱ་གར་བྱང་ཕྱོགས་མ་ནཱ་ལི་བཙན་བྱོལ་བོད་མི་གནས་སྡོད་གཞིས་ཆགས་ནས་བཏང་གནས་ནང་འཁོད་དོན། བོད་གཞུང་ཕྱི་དྲིལ་ལས་ཁུངས་དང་། ཤེས་རིག་ལས་ཁུངས་ཐུན་མོང་གིས་གོ་སྒྲིག་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༥ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་ལས་རིམ་གྱི་ཆ་ཤས་སུ་རྒྱ་གར་ནང་བོད་རིགས་སློབ་གྲྭ་ཁག་ནང་བོད་ཀྱི་ཁོར་ཡུག་ཐོག་གོ་རྟོགས་སྤེལ་རྒྱུའི་ལས་རིམ་འགོ་འཛུགས་གནང་ཡོད། དེ་ཡང་ཐོག་མར་ཕྱི་ཟླ་ ༧ ཚེས་ ༡༥ དང་ ༡༦ བཅས་ཉིན་གཉིས་ནང་ཕྱི་དྲིལ་ཁོར་ཡུག་ཚན་པའི་ལས་བྱེད་ཆོས་སྐྱིད་ལགས་དང། འཇིགས་མེད་ནོར་བུ་ལགས་གཉིས་ཀྱིས་བྷུན་ཊར་དང་མ་ནཱ་ལིའི་ཁུལ་དུ་སམ་བྷོ་ཊ་སློབ་གྲྭར་བོད་ནང་ད་ལྟའི་ཁོར་ཡུག་གི་གནས་སྟངས་དང་གནམ་གཤིས་འགྱུར་ལྡོག་གིི་རྐྱེན་པས་བོད་ནས་བྱུང་བའི་གཙང་ཆུ་དང་རྒྱུག་ཆུ་ཁག་གི་འགྲོ་ལམ་ཁ་ཕྱོགས་ལ་འགྱུར་བ་དང་དོ་ཕོག་ཇི་འདྲ་ཡོང་བཞིན་ཡོད་སྐོར་གྱི་གསལ་བཤད་གནང་ཡོད་པ་མ་ཟད། བོད་ནང་རང་བྱུང་གཏེར་དངོས་ཀྱི་ཐོན་སྐྱེད་དང་ད་ཆ་རྒྱ་ནག་གཞུང་གིས་བཤུ་གཞོག་ཇི་འདྲ་གཏོང་མིན་བཅས་ཀྱི་གནས་ཚུལ་རྣམས་ཞིབ་ཕྲ་གོ་རྟོགས་སྤེལ་སྐབས་སློབ་ཕྲུག་རྣམས་ནས་དོ་སྣང་ཆེན་པོས་ཉན་ཡོད། གཞན་ཡང་སློབ་ཕྲུག་ཚོར་ཕྱི་དྲིལ་ལས་ཁུངས་ནས་བཟོས་པའི་ (Sustained Development, China`s Design for Tibet) ཞེས་པ་དང་། མེ་ཁལ་བྷཀ་ལེས་ (Micheal Buckley) བཟོས་པའི་ (Meltdown in Tibet) ཞེས་པའི་དངོས་བྱུང་གློག་བརྙན་བསྟན་ཡོད་པ་མ་ཟད། བོད་ཀྱི་ཁོར་ཡུག་གི་པར་རིས་འགྲེམས་སྟོན་ཡང་བྱས་ཡོད། དེ་བཞིན་ཕྱི་དྲིལ་ལས་ཁུངས་ནས་པར་སྐྲུན་བྱས་པའི་བོད་ཀྱི་ཁོར་ཡུག་སྐོར་གྱི་དཔེ་དེབ་སོགས་མང་ཚོགས་ལ་འགྲེམས་སྤེལ་བྱས་ཡོད། དེ་རྗེས་ཁོར་ཡུག་ཞབས་ཞུའི་ལས་བྱེད་རྣམས་ལ་དྭགས་ཁུལ་དུ་བསྐྱོད་དེ་བོད་རིགས་སློབ་གྲྭ་ཁག་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁོར་ཡུག་ཐོག་གོ་རྟོགས་སྤེལ་རྒྱུ་ཡིན་འདུག་པ་བཅས།།