༢༠༡༠ ཟླ་ ༧ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༨ རེས་གཟའ་ལྷག་པའི་ཉིན་ཨེ་ཨེབ་པི་ (AFP) གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་ཐོན་གསལ་ལྟར་ན། དེ་སྔ་ཕྱི་ཟླ་ ༦ འགོ་སྟོད་ཙམ་ལ་བལ་ཡུལ་བརྒྱུད་བོད་ནས་བྲོས་བྱོལ་དུ་ཡོང་བའི་བོད་མི་སྐྱབས་བཅོལ་བ་གསུམ་བལ་ཡུལ་གཞུང་གིས་བོད་ནང་ཕྱིར་སློག་བྱས་པའི་བོད་མི་གསུམ་ནས་དགེ་འདུན་པ་གཅིག་དང་བུད་མེད་གཅིག་བོད་ནང་བཙོན་འཇུག་འདུག དེ་ཡང་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུའི་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ལྕམ་སྐུ་ནི་ནི་གྷུ་རུང་ (Nini Gurung) ལགས་ནས་བལ་ཡུལ་སྲིད་གཞུང་གིས་བོད་མི་སྐྱབས་བཅོལ་བ་གསུམ་བལ་ཡུལ་ནས་རྒྱ་ནག་གཞུང་ལ་ཕྱིར་སློག་བྱས་པའི་གནད་དོན་དེར་སེམས་འཚབ་ཧ་ཅང་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་གནང་དོན། གནད་དོན་དེ་ཧ་ཅང་ཚབས་ཆེན་ཞིག་ཡིན་པས་ང་ཚོར་སེམས་འཚབ་ཧ་ཅང་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་ཀྱིས་གནད་དོན་དེའི་སྐོར་བལ་ཡུལ་གཞུང་ལ་ཞུ་སྙན་ཡང་ཕུལ་ཡོད་སྐོར་འགྲེལ་བརྗོད་གནང་ཡོད། ཕྱོགས་མཚུངས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་མེ་རི་བྷེ་ཐི་མར་ཀེ་ (Mary Beth Markey) ལགས་ཀྱིས་གནད་དོན་དེ་དང་འབྲེལ་ནས་གསུང་དོན། བལ་ཡུལ་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་ལས་ཁུངས་དབར་ (Gentleman`s Agreement) ཞེས་པའི་གྲོས་མཐུན་བཞག་པའི་འོག་བལ་ཡུལ་སྲིད་གཞུང་གིས་བལ་ཡུལ་བརྒྱུད་བོད་ནས་བྲོས་བྱོལ་དུ་ཡོང་བའི་བོད་མི་སྐྱབས་བཅོལ་བ་རྣམས་བལ་ཡུལ་ས་མཚམས་ནང་དཀའ་ངལ་མེད་པའི་ཐོག་འཛུལ་ཞུགས་བྱ་རྒྱུའི་ཁས་ལེན་ཞུས་ཡོད། ང་ཚོས་བལ་ཡུལ་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་ལས་ཁུངས་གཉིས་ནས་བོད་མི་གསུམ་ཕྱིར་སློག་བྱས་པའི་གནད་དོན་དེའི་སྐོར་ཞིབ་འཇུག་བྱེད་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་ལས་དོན་ལ་ཐེ་བྱུས་བྱེད་ཕྱོགས་དང་། དེ་བཞིན་མ་འོངས་པར་བལ་ཡུལ་ནས་བོད་མི་སྐྱབས་བཅོལ་བ་ཕྱིར་སློག་བྱེད་པའི་གནས་ཚུལ་རིགས་མི་ཡོང་བ་བྱེད་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་ཅེས་གསུངས།།