༢༠༡༠ ཟླ་ ༧ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་དོན་གཟེངས་ཐོན་རྣམ་པར་གཟེངས་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༧ དགོངས་དོན་ལྟར་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་གཙོ་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དང་། གཞུང་ཞབས་འདེམས་བསྐོའི་ཚོགས་གཙོ་གཅིག་ལྕོགས་འཇམ་དཔལ་ཆོས་བཟང་མཆོག་གིས་དབུས་འབྲེལ་ཡོད་ཚོགས་མི་རྣམ་པས་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༥ ཉིན་ལྷན་ཚོགས་ཀྱིས་ལོ་འདིར་འགན་འཛིན་སྡེ་ཚན་ཁོངས་ལས་བྱེད་གསུམ་དང་། ལས་བྱའི་སྡེ་ཚན་ཁོངས་ནས་གྲངས་གཉིས་ཀྱི་འོས་དམིགས་མཚན་གཞུང་ཕུལ་བར་ཆ་རྐྱེན་ཚང་བའི་ལོ་རྒྱུས་ཞིབ་བཤེར་དང་འབྲེལ་བཀའ་བསྡུར་ཞིབ་ནན་གནང་བའི་མཐའ་དོན། ནང་སྲིད་ཟུང་དྲུང་ཚེ་དབང་སྒྲོལ་མ་ལགས་དང་། ལས་བྱའི་སྡེ་ཚན་ཁོངས་ནང་སྲིད་ས་ཁང་འགན་འཛིན་སྡེ་འགན་གུ་རུ་ཉི་མ་ལགས་གཉིས་ལ་གནང་རྒྱུའི་སྤྱི་མོས་ཐག་གཅོད་གཏན་འཁེལ་གནང་ཡོད། དེ་ཡང་ཁོང་རྣམ་པ་གཉིས་ཀྱི་ལོ་རྒྱུས་མདོར་བསྡུས་ནི། ༡ཟུང་དྲུང་ཚེ་དབང་སྒྲོལ་མ་ལགས་ནི། ཕྱི་ལོ་ ༡༩༧༩ ཟླ་ ༨ ཚེས་ ༡༥ ནས་བཙན་བོད་གཞུང་གི་སྲི་ཞུའི་ལས་བྱེད་ནང་ཞུགས་པ་ནས་བཟུང་གཞོན་དྲུང་གནས་རིམ་ཐོག་རྡ་ས་བདེ་དོན་དང་བདེ་སྲུང་ཡན་ལག་གཅིག་ལྕོགས་ཀྱི་བདེ་དོན་ལས་རོགས། ལྡི་ལི་དོན་གཅོད། དེ་རྗེས་ནང་མི་མཉམ་སྡོད་དོར་ནས་ས་གནས་འགོ་འཛིན་ཐོག་མའི་གྲས་སུ་ས་ཌོན་ཀཐོག་ས་གནས་དང་ཧ་པ་སྤར་གནས་འགོ་འཛིན། དེ་བཞིན་དབུས་འཕྲོད་བསྟེན་ལས་ཁུངས་དང་། ནང་སྲིད་ལས་ཁུངས་སུ་བདེ་དོན་སྡེ་ཚན་གྱི་ཚན་འགན་ལས་ཁུར་ཞུས་ཡོད་པའི་ནང་རྒན་འཁོགས་ལ་འཚོ་སྣོན་རོགས་སྐྱོར་དང་། ཉམ་ཐག་རྟོག་ཞིབ་ཀྱིས་དཀའ་ངལ་སེལ་སླད། ན་གཞོན་ལས་མེད་ཆེད་ལས་རིགས་སྱོང་བདར་གསར་གཏོད། སློབ་གྲྭ་དང་བཙུན་དགོན། རྒས་གསོ་ཁང་། ལག་ཤེས་བཟོ་གྲྭ་ཁག་བཅས་ལ་ཟས་སྐྱོབ་འཚོ་སྣོན་ཐབས་འཚོལ་གྱི་བྱས་རྗེས་འབུར་ཐོན་ལ་བརྟེན། ཕྱི་ལོ་ ༢༠༡༠ བཙན་བྱོལ་བོད་གཞུང་གི་འགན་འཛིན་སྡེ་ཚན་གྱི་གཞུང་ཞབས་ལས་དོན་གཟེངས་རྟགས་ཕྱག་འཁྱེར་དང་། ལེགས་སྐྱེས་སྒོར་ ༡༠༠༠༠ བཅས་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་བསྐྱངས་ཡོད།
༢ སྡེ་འགན་གུ་རུ་ཉི་མ་ལགས་ནི། ཕྱི་ལོ་ ༡༩༩༦ ཟླ་ ༦ ཚེས་ ༡ ནས་བདེ་སྲུང་ལས་ཁུངས་སུ་ལོ་གསུམ་དང་། ནང་སྲིད་ཁྱབ་ཁོངས་ཀུ་ལུ་དཔལ་རབ་གླིང་རོགས་ཚོགས་འབྲེལ་མཐུད་པ་ལོ་གསུམ་ཞབས་ཕྱི་ཞུས། དེ་རྗེས་ཕྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༢༠ ནས་གཞུང་ཞབས་སྲི་ཞུའི་ཁོངས་སུ་འཛུལ་ཞུགས་ཀྱིས་ནང་སྲིད་སྡེ་འགན་དུ་བསྐོ་གཞག་དང་། ནང་སྲིད་ས་ཁང་བདག་གཉེར་ཁང་གི་འགན་འཛིན་དུ་ལས་ཁུར་བསྐོ་གཞག་རྗེས་ལྷག་བློ་ཆེ་བསྐྱེད་ཐོག་ཡིག་རིགས་གསར་རྙིང་དཀར་ཆག་གསར་བཟོ་དང་། ལས་ཤག་རྙིང་པ་ལེགས་བཅོས་ཡར་རྒྱས། ཨར་ལས་འཛུགས་སྐྲུན་ལས་གཞི་ཁྲིམས་མཐུན་འགོ་འཛུགས་ཞུས་པ། གངས་སྐྱིད་རང་གཞུང་ས་ཁོངས་སུ་སྡོད་ཁང་རྒྱག་ས་གཡར་གཏོང་ཞུས་འདུག་པ་ཐུགས་མཁོ་བྱུང་ཚེ་རྩིས་འབུལ་དགོས་ཁྲིམས་མཐུན་བཟོས་པ་སོགས་སྤྱིར་བཏང་ལས་བྱའི་སྡེ་ཚན་ཁོངས་ཡིན་ཡང་། འགན་འཛིན་སྡེ་ཚན་གྱི་དྲུང་ལས་ཀྱི་མཚན་གནས་དང་མཉམ་པའི་འགན་འཁུར་གྱིས་ས་ཁང་བདག་གཉེར་གྱིས་ལས་དོན་མཐའ་དག་སྒྲིག་དོན་ཞུ་སྒོ་ཐོག་འབྲེལ་ཡོད་རྣམ་པས་བསྔགས་འོས་བཅས་ལ་བརྟེན་ཕྱི་ལོ་ ༢༠༡༠ བཙན་བྱོལ་གཞུང་གི་ལས་བྱའི་སྡེ་ཚན་གྱི་གཞུང་ཞབས་ལས་དོན་གཟེངས་རྟགས་ཕྱག་འཁྱེར་དང་། ལེགས་སྐྱེས་སྒོར་ ༡༠༠༠༠ བཅས་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་བསྐྱངས་ཡོད་པ་བཅས།