༢༠༡༠ ཟླ་ ༧ ཚེས་ ༢༢ རེས་གཟའ་ཕུར་བུ།
༅༅། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༨ ནས་ ༢༦ བར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་བོད་མིའི་གནས་ཡུལ་གྱི་ས་གནས་སིམ་ལ་དང་ཌོ་ལན་ཇི། སུན་ཌར་ན་གར། མཚོ་པདྨ། མན་ཌི། ཅོན་ཏ་ར། འབིར། དེ་བཞིན་བཀྲིས་ལྗོངས་བཅས་སུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཡོད། དེ་ཡང་ཕྱི་ཚེས་ ༡༩ ཉིན་བཀའ་ཁྲི་མཆོག་སིམ་ལ་དང་ཚེས་ ༢༠ ཉིན་ཌོ་ལན་ཇི་བོན་པོའི་གཞིས་ཆགས། དེ་བཞིན་ཚེས་ ༢༡ ཉིན་སུན་ཌར་ན་གར། མཚོ་པདྨ། མན་ཌི་བཅས་ས་གནས་སོ་སོའི་བོད་མི་མང་ཚོགས་ལ་བཙན་བྱོལ་བོད་གཞུང་ལྷན་ཁང་ཁག་དང་དབུ་མའི་ལམ་གྱི་སྲིད་བྱུས། དེ་བཞིན་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་གྱི་གནས་སྟངས་བཅས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་མ་ཟད།
འབྱུང་འགྱུར་བཀའ་ཁྲི་འོས་བསྡུ་སྐབས་གསུམ་པའི་ནང་འོས་ཆོས་ཚང་བའི་མི་མང་ཚང་མས་གལ་ཆེ་དོན་ཆེར་རྩིས་ཏེ་མཉམ་བཞུག་དགོས་པའི་འབོད་སྐུལ་ཡང་གནང་ཡོད། དེ་བཞིན་མང་ཚོགས་ལ་དྲི་བ་དྲིས་ལན་གྱི་གོ་སྐབས་ཀྱང་གནང་སྟེ་མི་མང་གིས་དོགས་དྲི་གང་ཞུས་པ་རྣམས་ལན་འདེབས་གནང་ཡོད། ཕྱོགས་མཚུངས་གོང་བརྗོད་ས་གནས་ཁག་གི་ནང་ཡོད་བོད་གཞུང་སློབ་གྲྭ་སོ་སོར་ཕེབས་ཏེ་ཤེས་ཡོན་སྐོར་དང་ལྷག་པར་རིག་གཅིག་རྐང་འཛིན་ཐོག་དམིགས་བསལ་སློབ་སྦྱོང་བྱེད་དགོས་སྐོར་གྱི་ལམ་སྟོན་གསུང་བཤད་ཟབ་རྒྱས་གནང་འདུག་པ་བཅས།།