༢༠༡༠ ཟླ་ ༧ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་སར་དགེ་འདུན་པ་ཁག་གཅིག་ནས་སྣེ་ཁྲིད་དེ་ཞི་རྒོལ་བསྟུད་མར་བྱུང་རྗེས་ཟླ་ ༣ ཚེས་ ༡༡ ཉིན་སེ་ར་དགོན་པའི་དགེ་འདུན་པ་ཚོས་དགོན་པའི་ལས་དོན་རུ་ཁག་དང་དམིགས་བསལ་དྲག་ཆས་ཉེན་རྟོག་པ་སོགས་ནས་དྲག་གནོན་བྱ་མིན་ལ་མ་ལྟོས་པར་ཞི་བའི་ངོ་རྒོལ་བྱས་པར་དྲག་ཆས་ཉེན་རྟོག་པས་དྲག་ཤུགས་བེད་སྤྱོད་བཏང་སྟེ་དགེ་འདུན་པར་ཉེས་རྡུང་བཏང་བའི་གནས་ཚུལ་ཐོན་སྐབས་སེ་ར་དགོན་པའི་ཉེ་འཁྲིས་སུ་ཡོད་པའི་སེར་སྐྱ་མང་ཚོགས་རྣམས་ཀྱི་ཁྲོད་ནས་གདུང་སེམས་མཉམ་སྐྱེ་ཀྱིས་ཞི་བའི་ངོ་རྒོལ་ནང་མཉམ་ཞུགས་གནང་མཁན་གྲས་སུ་ཡོད་པའི་རང་ལོ་ ༢༠ ཙམ་དུ་སོན་པའི་བོད་རིགས་གཞོན་སྐྱེས་རྒྱལ་མཚན་སོགས་ལ་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༡ ཉིན་དྲག་ཆས་ཉེན་རྟོག་པས་ཉེས་རྡུང་ཚད་མེད་བཏང་སྟེ་འཛིན་བཟུང་བྱས་རྗེས་ད་བར་ལོ་གཉིས་ལྷག་ཙམ་སོང་ཡང་། རྒྱལ་མཚན་དང་ཁོང་གི་རོགས་པ་ཁག་གཅིག་ད་དུང་མཐོང་རྒྱུ་མེད་པར་གྱུར་ཡོད། རྒྱལ་མཚན་ནི་རང་ལོ་ ༢༠ ཙམ་དུ་སོན་གྱི་ཡོད་པ་དང་སྐྱེས་ཡུལ་སྙེ་མོ་རྫོང་ཕུ་གསུམ་ཤང་ནས་ཡིན་ཞིང་། རྒྱུན་གཏན་ལྷ་སར་སེ་རའི་གཤམ་འོག་ཏུ་འཚེམ་བུ་བརྒྱབ་ནས་སྡོད་ཀྱི་ཡོད། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༡ ཉིན་སེ་རའི་འཁྲིས་སུ་ངོ་རྒོལ་བྱ་ཡུལ་ནས་འཛིན་བཟུང་བྱས་རྗེས་ད་བར་གནས་སྟངས་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པར་བརྟེན་ནང་མི་སྤན་མཆེད་ཚོས་གང་སར་རྩད་གཅོད་བྱས་ཀྱང་རྙེད་སོན་བྱུང་མེད། དེ་བཞིན་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༡ ཉིན་སེ་རའི་ཉེ་འཁྲིས་ཀྱི་ཞི་རྒོལ་ནང་མཉམ་ཞུགས་བྱས་པ་སོགས་དང་འབྲེལ་བ་ཡོད་པར་བསྙད་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་རུ་ཁག་གཉིས་པ་གཙོ་བོར་གྱུར་བའི་དོག་སྡེ་ཤང་ཁོངས་ནས་མི་གྲངས་བརྒྱ་ལྷག་གི་ཁྱིམ་ཚང་རེ་རེ་བཞིན་སྤྱི་བདེ་ཚན་པ་དང་དམིགས་བསལ་ཉེན་རྟོག་པ། དྲག་ཆས་ཉེན་རྟོག་པ་སོགས་ཁྱོན་ཆེ་ཡོང་སྟེ་ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡༣ ཉིན་སྔ་དྲོ་སྔོག་བཤེར་གྱིས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་པ་ལྟར། མི་ཁག་གཅིག་དྲག་ཆས་ཉེན་རྟོག་པས་འཛིན་བཟུང་བྱེད་སྐབས་ཉེས་རྡུང་ཚད་མེད་བཏང་ཡོད་པ་དང་། དེ་དག་ཁྲོད་ནས་མི་ཁག་གཅིག་གློད་བཀྲོལ་བཏང་ཡོད་ཀྱང་ཁག་གཅིག་ད་ལྟ་གར་ཡོད་ཤེས་རྟོགས་མེད་པར་ཕ་མ་སྤན་མཆེད་ཚོས་ད་དུང་རྩད་གཅོད་བྱེད་བཞིན་ཡོད་འདུག་པ་ལྟར། སྐབས་དེར་འཛིན་བཟུང་བྱས་པའི་མིང་གཞུང་ཤེས་རྟོགས་བྱུང་བ་རྣམས་ནི་གཤམ་གསལ། བསྟན་འཛིན་དང་། བཀྲ་བཟང་། ཁྱི་སྐྱག དབང་འདུས། ཕུར་བུ། རྣམ་སྲས། མིག་དམར། པལྨ། སྐལ་བཟང་། བསྟན་འཛིན། ཟླ་བ་ཚེ་རིང་། ལྷག་དབང་དབང་འདུས། པ་སངས། ནོར་བུ། པ་སངས་ཚེ་རིང་། པ་སངས། རྡོ་རྗེ་ཚེ་རིང་། གནམ་སྒང་། ཉི་མ་ཚེ་རིང་། བཀྲིས་རྡོ་རྗེ། ཕུར་བུ་དངོས་གྲུབ། ལྷག་པ། སྤེན་པ། ཟླ་ཆོས། ཕུར་བུ། ཚེ་རིང་བློ་བཟང་། མཁའ་འགྲོ སོགས་ད་དུང་ས་གནས་གང་ཞིག་ཏུ་བཀག་ཉར་བྱས་ཡོད་མེད་ཀྱི་གནས་སྟངས་ཤེས་རྟོགས་མེད་པར་གྱུར་ཡོད་འདུག