༢༠༡༠ ཟླ་ ༧ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། གྲྭ་ཀུན་དགའ་ལགས་ནི། ཕྱི་ལོ་ ༢༠༠༨ ལོར་རང་ལོ་ ༢༠ ཙམ་དུ་སོན་གྱི་ཡོད་པ་དང་། དཀར་མཛེས་ས་ཁུལ་བྲག་འགོ་རྫོང་ལྕོག་རི་དགོན་གྱི་དགེ་འདུན་པ་ཡིན་ཅིང་། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༤ ཉིན་དཀར་མཛེས་ཏྲེ་ཧོར་ལྕོག་རི་དགོན་གྱི་དགེ་འདུན་པ་གཙོས་སེར་སྐྱ་མང་ཚོགས་ཚོས་ཞི་བའི་ངོ་རྒོལ་བྱེད་སྐབས་རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་དམག་མིས་མེ་མདའ་བརྒྱབ་སྟེ་དྲག་གནོན་བྱས་པར་བརྟེན། བོད་མི་ཞི་རྒོལ་བ་ཤི་རྨས་ཀྱི་གནས་ཚུལ་ཐོན་པའི་སྐོར་དེ་སྔ་སྤེལ་ཟིན་པ་ལྟར། བར་ལམ་དགེ་འདུན་པ་ཀུན་དགའ་ལགས་སྐབས་དེར་ཞི་རྒོལ་ནང་མཉམ་ཞུགས་གནང་སྐབས་མེ་མདའ་ཕོག་སྟེ་འདས་གྲོངས་སོང་ཟིན་པའི་འདྲ་དཔར་དངོས་རང་དབང་ལུང་པའི་ནང་ལག་སོན་བྱུང་སྟེ་དེར་བཀོད་ཐུབ་པ་འདིས་རྒྱལ་སྤྱིའི་སྟེང་ཞི་བདེ་དང་དྲང་བདེན་ལ་དགའ་བའི་སྐྱེ་བོ་ཀུན་གྱིས་བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ཇི་ཙམ་ཡོད་མེད་ཀྱི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་པའི་དཔང་རྟགས་ཤིག་ཏུ་གྱུར།