༢༠༡༠ ཟླ་ ༧ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །འདི་གར་ཉི་ཧོང་བོད་གཞུང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༦ ཉིན་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་ཨོ་ཀུ་ར་མགྲོན་ཁང་(Okura Hotel ) དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༥ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་མཛད་སྒོའི་ཐོག་མར་མགོན་པོ་གང་ཉིད་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་པ་དང་སྦྲགས། ཉི་ཧོང་བོད་གཞུང་སྐུ་ཚབ་དོན་གཅོད་ལྷག་པ་འཚོ་སྒོ་ལགས་དང་རྒྱ་གར་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོའི་དགོན་པ་ནས་ཕེབས་པའི་དགེ་འདུན་པ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མལ་རྟེན་གསུམ་དང་བརྟན་བཞུགས་འདེགས་འབུལ་ཞུས་གྲུབ་བསྟུན། སྐུ་ཚབ་དོན་གཅོད་ནས་དེར་འདུས་མང་ཚོགས་རྣམས་ལ་དུས་ཆེན་ངོ་སྤྲོད་དང་ཚང་མར་འཚམས་འདྲི་གནང་བ་དང་ཆབས་ཅིག ༸གོང་ས་མཆོག་གིས་ཉེ་ཆར་ཉི་ཧོང་ནང་མཛད་འཕྲིན་བསྐྱངས་པ་རྣམས་ངོ་སྤྲོད་སྙིང་བསྡུས་ཤིག་དང་། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གི་མཁྲིས་རྡོ་གཤག་བཅོས་མཛད་རྗེས་ད་ཆ་སྐུའི་འཕྲོད་བཞེས་ལེགས་པོ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་།དེ་རྗེས་སྐུ་མགྲོན་གཙོ་བོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་གིས་མང་ཚོགས་ལ་འཚམས་འདྲི་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུའི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་ལམ་བརྒྱབ་པ་དང་ལྷན་མང་ཚོགས་ནས་མཛད་སྒོར་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། སྐབས་དེར་ཛེན་ཀོ་ཇི་དགོན་པའི་སྐུ་ཞབས་ཝ་ཌ་(Ven Wada ) ལགས་ཀྱིས་མགོན་པོ་གང་ཉིད་མཆོག་ན་ག་ནོར་ཆིབས་སྒྱུར་བསྐྱངས་པར་དགའ་ཚོར་དང་། ན་ག་ནོའི་དགེ་འདུན་པ་དང་མི་མང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་སྩལ་བར་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན་སྐོར་གསུངས་ཡོད་པ་མ་ཟད། དེ་བཞིན་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་མ་ཀི་ནོ་སེ་ཤུ་(Makino Seishu ) མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་། ཁོར་ཡུག་སྲུང་སྐྱོབ། ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་ཐོག་ཐུགས་འཁུར་ཆེན་པོ་བཞེས་ཀྱི་ཡོད་སྐོར་གྱི་གསུང་བཤད་གནང་། དེ་བཞིན་ཁོང་གིས་ཉི་ཧོང་གི་ཁྲིམས་བཟོ་ལྷན་ཚོགས་ནས་ད་ལྟའི་བོད་ཀྱི་གནས་སྟངས་སྐོར་ཤེས་རྟོགས་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་གི་བོད་དོན་བདེན་མཐའ་སེལ་ཐབས་སུ་དབུ་མའི་ལམ་གྱི་ཐབས་ལམ་དེར་མི་མང་པོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་གསུང་བཤད་གནང་ཡོད། གཞན་ཡང་མཛད་སྒོའི་སྐབས་བོད་རིགས་དང་ཉི་ཧོང་གི་གཞས་པ་གྲགས་ཅན་སོགས་ཀྱིས་གླུ་གཞས་བཏང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་བ་བཅས།།