༢༠༡༠ ཟླ་ ༧ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་ལོ་ ༧༥ འཁོར་བའི་སྐྱེས་སྐར་གྱི་དུས་སྟོན་འདི་དེ་རིང་རྒྱས་པ་ཞིག་བྱས་ན་ཞེས་རེ་འདུན་གནང་སྟེ་ཚོགས་པ་རེད། འདིར་བོད་མིའི་དད་པ་དང་དམ་ཚིག་འགྱུར་བ་མེད་པ་ཡོད་མཁན་བླ་སྤྲུལ་དང་གཞུང་ཞབས་པ། ཁྱེད་རང་ཚོ་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། དེ་བཞིན་ང་རང་ཚོའི་ངོ་ཤེས་གྲོགས་པོ་ས་གནས་རྒྱ་གར་ཡུལ་མིའི་ཁུངས་དང་། ཆོས་ཚོགས། ཚོགས་པ་དེ་འདྲའི་ཐོག་ནས་དེ་རིང་འདིར་ངོས་ཀྱི་སྐྱེས་སྐར་དུས་ཆེན་ཐོག་ལ་འཚམས་འདྲིའི་སྨོན་ལམ་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཕྱོགས་མཚུངས་རྒྱ་རིགས་གྲོགས་པོ་ཚོ་ཆེད་མངགས་ངོས་ཀྱི་སྐྱེས་སྐར་ལ་ཕེབས་མཁན་རྣམ་པར་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞུ་གི་ཡིན། གཙོ་ཆེའི་བོད་ནང་ལ་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་གང་ལྟར་ངོས་ཀྱི་སྐྱེས་སྐར་གྱི་དུས་ཚོད་ལ་སེམས་ནང་ནས་ཞེ་དྲག་གི་ཚོར་བ་ཤུགས་ཆེན་པོ་ཡོང་གི་ཡོད་ཀྱང་རྣམ་འགྱུར་ཕྱིར་སྟོན་མི་ཆོག་པ་ཆགས་ཡོད། དེ་ལྟ་བུའི་གནས་སྟངས་འོག་ནས་སེམས་ཀྱི་ནང་ནས་དད་པ། དམ་ཚིག ཡིད་ཆེས་གཡོ་བ་མེད་པར་ཡོད་དུས་དེ་དག་ལ་ཡང་ཐུགས་རྗེ་ཆེ་ཞུ་གི་ཡིན། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་རྒྱ་གར་གཙོ་བོར་གྱུར་པའི་ཡུལ་གྲུ་ཁག་ནང་ཡོད་མཁན་ཚོས་ཀྱང་དེ་རིང་ངོས་ཀྱི་སྐྱེས་སྐར་དུས་ཚོད་ལ་སྨོན་ལམ་རྒྱག་རྒྱུ་སོགས་གནང་གི་ཡོད་པས་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡིན། ངོས་ཀྱིས་དེ་རིང་དམིགས་བསལ་ཞུ་རྒྱུ་གང་ཡང་མི་འདུག ངོས་རང་གི་སྐྱེས་སྐར་དུས་ཚོད་འདིར་ངོས་རང་གིས་ངོས་ལ་བསྟོད་པ་བྱས་ནའང་ཡག་པོ་མི་འདུག ཡང་སྨད་པ་བྱས་ནའང་འགྲིག་རྒྱུ་མེད། དེར་བརྟེན་ངོས་ལ་ཞུ་རྒྱུ་གང་ཡང་མི་འདུག མདུན་གྱི་པར་ཕ་གིར་བལྟས་པ་ཡིན་ན། ངོས་རང་ཆུང་དུས་སྐུ་འབུམ་དུ་ཡོད་སྐབས་ཀྱི་པར་དང་། དེ་ནས་ལྷ་སར་སླེབས་མ་ཐག་པའི་པར་བཅས་དེ་དག་ལ་བལྟས་ཡོང་སྐབས། སོ་སོའི་མི་ཚེ་འདི་འཕྲོ་བརླག་མིན་པ་ཞིག གཙོ་ཆེ་ཤོས་ངོས་རང་ག་དུས་ཡིན་ནའང་རྨི་ལམ་ཚུན་ཆད་ལ་དགེ་སློང་ཞིག་ཡིན་བསམ་པའི་སྤོབས་པ་ཞིག་རྟག་པར་ཡོང་གི་འདུག ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ནས་བཟུང་རིམ་པས་སངས་རྒྱས་ཀྱི་ཆོས་བརྒྱུད་སྤྱི་དང་། ལྷག་པར་དུ་དཔལ་ནཱ་ལེྡའི་ཆོས་རྒྱུན་དེ་དག་བོད་ལ་དངོས་ནས་བསྟན་བཅོས་མང་པོ་བསྒྱུར་ནས་ཡོད་པ་རེད། ངོས་ཀྱིས་ནམ་རྒྱུན་དེ་དག་ང་ཚོའི་སློབ་དེབ་རེད། ཅེས་ཤོད་ཀྱི་ཡོད་པ་ལྟར། ངོས་ནས་ཀྱང་དེ་དག་སྱང་སྟེ་ཡོང་བ་ཡིན། ད་ལྟ་ལོ་བདུན་ཅུ་དོན་ལྔ་སླེབས་ཡོད་ཀྱང་དུས་ཚོད་ནམ་ཡོད་ལ་གཞུང་དེ་ཚོའི་གྲས་རྟག་པར་ལྟ་བཞིན་ཡོད། ཧ་ཅང་ཕན་ཐོགས་ཡོང་གི་འདུག སོ་སོའི་རྣམ་དཔྱོད་འཕེལ་རྒྱུ་དང་བློ་མིག་ཡངས་པོར་དབྱེ་རྒྱུ། དེས་རྐྱེན་པས་རང་ཉིད་ཀྱི་སེམས་སྐྱིད་པ། དེ་ལ་བརྟེན་ནས་ལུས་བདེ་བ་སོ་སོའི་ཉམས་མྱོང་ནང་བྱུང་ཡོད། ང་ཚོའི་གྲོགས་པོ་རིགས་རུས་དང་། ཆོས་ལུགས་དབྱེ་བ་མེད་པར་བྱས་ཏེ་སུ་ཡིན་ནའང་ང་ཚོ་མི་གཅིག་པ་དང། བདེ་བ་འདོད་པ་སྡུག་བསྔལ་མི་འདོད་པ་གཅིག་པ་རེད། སྡུག་བསྔལ་སེལ་རྒྱུ་དང་བདེ་བ་སྒྲུབ་རྒྱུའི་ཐོབ་ཐང་ཡོད་པ་གཅིག་པ་རེད། ཡིན་ནའང་བདེ་སྐྱིད་སྒྲུབ་སྟངས་དེ་མི་མང་པོ་ཞིག་གིས་ཕྱི་དངོས་པོ་དང་དབང་བྱུང་ན་དེ་ཡིས་བདེ་སྐྱིད་ཡོང་གི་ཡོད་པ་ཞིག་མཐོང་གི་ཡོད། དེ་རེད་མི་འདུག དབང་དང་དཔལ་འབྱོར་ཡོད་པ་སྡུག་བསྔལ་གྱིས་འཁུར་བུའི་འོག་ཚུད་ཡོད་པ་མང་པོ་མཐོང་རྒྱུ་འདུག ནང་སེམས་ཀྱི་ཞི་བདེ་ཡོད་ན། ཕྱིའི་མཐུན་རྐྱེན་མེད་ནའང་སེམས་གཏིང་ནས་ཁོ་རང་ཚོ་སྣང་བ་སྐྱིད་པ་དེ་འདྲ་ཞིག་ཡོང་གི་འདུག རང་ཉིད་བག་ཕེབས་པ་མ་ཟད་འཛམ་གླིང་སྟེང་མི་གཞན་དག་ལ་རྙོག་གྲ་བཟོ་གི་མ་རེད། དངུལ་དང་སློབ་སྱོང་ཡོད་མཁན་གྱི་རྙོག་གྲ་ཞེ་དྲག་བཟོ་གི་འདུག སེམས་ཀྱི་ཞི་བདེ་ཡོད་ན་རང་སྐྱིད་པ་དང་གཞན་བདེ་བ། མཐར་ཐུག་བདེ་བ་ཡོང་རྒྱུ་ཞིག་རེད། དེར་བརྟེན་ལོ་རྒན་འདི་འདྲར་སླེབས་པའི་བར་དུ་ག་ཚོད་ཐུབ་ཐུབ་ཀྱིས་སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསླབ་བྱ་དང་། ཡང་སྒོས་དཔལ་ནཱ་ལེྡའི་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱི་བསླབ་བྱ་དེ་དག་ངའི་མི་ཚེ་འདི་འཚོ་བ་ལྟ་བུ་ཞིག་རེད། དེའི་ཐོག་ནས་མི་ལའང་ཕན་ཐོགས་གང་ཙམ་བྱེད་ཐུབ་ཀྱི་ཡོད། མ་འཆི་བར་དུ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དགེ་སློང་ཞིག་གིས་ངོས་ནས་ག་ཚོད་ཐུབ་ཐུབ་ཀྱིས་མི་ལ་ཕན་ཐོགས་བྱེད་བསམ་པ་འདི་ངོས་ཀྱི་བསམ་བློ་རེད། ས་སོགས་འབྱུང་བ་ཆེན་པོ་དང་། ནམ་མཁའ་བཞིན་དུ་རྟག་པར་ཡང་། སེམས་ཅན་དཔག་ཏུ་མེད་པ་ཡི། རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག གསུང་རྒྱུ་དང་། ལྷག་པར་དུ་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བའི་ནང་། ས་དང་ཆུ་དང་མེད་དང་རླུང་། ཞེས་སོགས་ཡོད་པ་དེ་དག་རྟག་པར་སྨོན་ལམ་རྒྱག་གི་ཡོད། དེ་རིང་ཆར་རྡུང་མང་པོ་གཟེད་ཀྱི་འདུག ཁྱེད་རང་ཚོ་ཚང་མ་ནད་པ་ཆགས་ཡོང་གཟབ་གཟབ་བྱས་ན་མ་གཏོགས་ཤེས་སོང་ངམ། བཀྲ་ཤིས་བདེ་ལེགས། ཞེས་ཐུགས་བརྩེ་བ་ཆེན་པོས་བཀའ་སློབ་སྩལ་ཡོད།