༢༠༡༠ ཟླ་ ༧ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༧ ཉིན་བཞུགས་སྒར་རྡ་སའི་ཉེ་འགྲམ་ས་ར་མཐོ་སློབ་ཏུ་ས་ར་གཞོན་ནུའི་རུ་ཁག་གིས་གོ་སྒྲིག་ཐོག་༸གོང་ས་མཆོག་གི་དགོངས་དོན་དང་འབྲེལ་བའི་མཐོ་རིམ་སློབ་མའི་རིག་གནས་བགྲོ་གླེང་ཐེངས་བཞི་པ་དབུ་འཛུགས་གནང་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་མཐོ་སློབ་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། རིགས་སློབ་དགེ་བཤེས་བློ་བཟང་ཟླ་བ་ལགས། དབུས་གཞོན་ནུའི་དྲུང་ཆེ་དོན་གྲུབ་ལྷ་དར་ལགས། སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། རྒྱལ་རབས་སློབ་དགེ་བསོད་ནམས་རྒྱལ་མཚན་ལགས། རྡ་ས་ས་གནས་གཞོན་ནུའི་དྲུང་ཆེ་བཟོད་པ་ལགས། མཐོ་སློབ་ཁག་གི་སློབ་ཕྲུག་གི་སྐུ་ཚབ། ས་ར་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་བཅས་མི་གྲངས་ ༣༠༠ བརྒལ་བའི་དབུས་སུ་ས་ར་མཐོ་སློབ་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་རབ་བརྟན་གྱིས་བགྲོ་གླེང་དགོས་དམིགས་ངོ་སྤྲོད་དང་། དེ་རྗེས་སློབ་དགེ་བསོད་ནམས་རྒྱལ་མཚན་ལགས་དང་། སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། རིགས་སློབ་དགེ་བཤེས་བློ་བཟང་ཟླ་བ་ལགས། དབུས་གཞོན་ནུའི་དྲུང་ཆེ་དོན་གྲུབ་ལྷ་དར་ལགས་བཅས་ཀྱིས་རིམ་པས་བླང་དོར་གསུང་བཤད་གནང་གྲུབ་བསྟུན་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། འདི་ལྟ་བུའི་གཞོན་སྐྱེས་མང་པོ་ཞིག་ལ་གོ་སྐབས་སྤྲོད་རྒྱུའི་སྡིངས་ཆ་བསྐྲུན་པར་སྙིང་ཐག་པ་ནས་དགའ་བསུ་ཞུ་གི་ཡོད། དེ་སྔ་ཚོགས་འདུ་གསུམ་ཚོགས་པའི་ནང་གཞོན་སྐྱེས་མང་པོ་ཞིག་ལ་གོ་སྐབས་རག་ཡོད་པ་རེད། ད་ལྟ་ཡིན་ནའང་ཕྱོགས་མཐའ་ཁག་གི་སྐུ་ཚབ་ཕེབས་ཏེ་བརྗོད་གཞི་བྱེ་བྲག་པ་སོ་སོའི་ཐོག་རང་ཉིད་ཀྱི་བསམ་ཚུལ་འདོན་རྒྱུ་དང་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་རག་གི་ཡོད།
དེ་རིང་འདིར་གོང་གི་གསུང་བཤད་གནང་མཁན་ཚོ་དང་། ས་ར་མཐོ་སློབ་ཀྱི་སློབ་སྤྱི་གཙོས་དགེ་རྒན་རྣམ་པ། དེ་བཞིན་སློབ་གཉེར་བ་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྒན་བསོད་ནམས་ལགས་དང་ས་རའི་སློབ་སྤྱི་བཅས་ནས་བརྗོད་གཞི་འདྲ་མིན་གྱི་ཐོག་གསུང་གནང་སོང་། དགེ་བཤེས་ཟླ་བ་ལགས་ཀྱིས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་གང་ཡིན་པ་དང་བཀའ་སློབ་སོགས་ཞིབ་ཚགས་པོ་ཉམས་ཞིབ་བྱས་ཏེ་དོན་ཚན་རེ་རེ་བཞིན་རྣམ་པ་ཚོར་གསུང་རྒྱུ་དེ་མང་པོ་ཞིག་ཁྱེད་རང་ཚོ་བྱུང་འགྱུར་བགྲོ་གླེང་གི་ཚན་པའི་ནང་ཡོད་པ་དང་འགའ་ཤས་མ་ཚུད་པ་ཡོང་སྲིད་ཀྱི་རེད། མ་ཚུད་པ་དེ་དག་བགྲོ་གླེང་ནང་འཇུག་དགོས་ཀྱི་ཡོད་མེད་ཐོག་གོ་སྒྲིག་གནང་མཁན་ཚོས་དགོངས་པ་བཞེས་ཆོག་གི་རེད་བསམ་གྱི་འདུག ད་ལྟ་ང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞིའི་སྐོར་སྐད་ཆ་ཤོད་ཀྱི་ཡོད། ངའི་བསམ་བློ་གཏོང་ཕྱོགས་ལྟར་ན་༸རྒྱལ་བ་རིན་པོ་ཆེ་མཆོག་གི་རླབས་ཆེ་ཤོས་དེ་སོ་སོའི་ལྟ་བ་དང་ལངས་ཕྱོགས་མ་དོར་བའི་ཐོག་ནས་གཞན་གྱི་བསམ་བློ་གང་ཡོད་པ་དེ་དང་མཐུན་གྱི་མེད་ནའང་སོ་སོའི་བློ་ལ་གཏད་ཐུབ་པ་ཞིག་མགོན་པོ་གང་ཉིད་མཆོག་གིས་བཟོས་ཐུབ་ཀྱི་ཡོད། དེ་རིང་གཞོན་ནུའི་དྲུང་ཆེ་ཡིན་ནའང་རེད། དེ་བཞིན་བཀའ་སློབ་གནང་མཁན་གཞན་པ་ཚོས་༸རྒྱལ་བ་རིན་པོ་ཆེས་ནམ་རྒྱུན་དུ་ངོས་ཀྱི་གལ་ཆེན་པོ་བརྩི་སྟངས་དེ་འདི་ལྟ་བུ་ཡིན་ཞེས། དང་པོ་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་གྱི་སྒོ་ནས་འགྲོ་བ་ཡོངས་ལ་བདེ་སྐྱིད་སྤེལ་རྒྱུའི་ཐབས་ལམ་གྱི་ཐོག་འབད་བརྩོན་མཛད་རྒྱུ་དང་། གཉིས་པ་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོང་རྒྱུ། གསུམ་པ། བོད་ཀྱི་གནད་དོན་ཞེས་དང་། སྐབས་རེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་རང་ནང་པ་ཞིག་ཡིན་པའི་ཆ་ནས་ནང་པ་དེ་ཚོར་ངོས་ཀྱིས་འགན་ཞིག་འཁྱེར་དགོས་རེད། ལྷག་པར་དུ་ཧི་མ་ལ་ཡ་རི་རྒྱུད་ཀྱི་ནང་པ་ཚོར་འགན་ཞིག་ཡོད་པ་རེད། དེ་ནས་བཞི་པ་བོད་ཀྱི་གནད་དོན་རེད་ཅེས་བཀའ་སློབ་སྩལ་གྱི་ཡོད། ང་ཚོས་འབད་བརྩོན་གང་བྱེད་དགོས་རེད་ཅེས་ཞུས་ན། ༸རྒྱལ་བ་རིན་པོ་ཆེའི་རླབས་ཆེན་གྱི་དགོངས་གཞི་དེ་ག་ཚོད་སྒྲུབ་ཐུབ་ཐབས་བྱེད་དགོས་ཀྱི་རེད། ང་ཚོ་༸རྒྱལ་བ་རིན་པོ་ཆེ་མཆོག་ལྟར་ཆགས་ཐུབ་ཀྱི་མ་རེད་དེ་ཁོང་གི་དགོངས་གཞི་རླབས་ཆེན་དེ་དག་གི་རྗེས་སུ་བཟུང་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་གཞོན་ནུའི་རུ་ཁག་སྐུ་ཚབ་ནས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ་བ་དང་། ཐེངས་འདིའི་ཉིན་གྲངས་བཞིའི་རིང་གི་བགྲོ་གླེང་ནང་གཙོ་བོ་༸གོང་ས་མཆོག་གི་དགོངས་དོན་དང་འབྲེལ་བའི་བརྗོད་གཞི་ནང་གསེས་ཁག་མང་པོ་ཡོད་པ་མ་ཟད། དེའི་ནང་མཉམ་ཞུགས་གནང་མཁན་མཐོ་སློབ་ཁག་བརྒྱད་ཙམ་ནས་སྐུ་ཚབ་ ༣༢ ཙམ་ཕེབས་ཡོད་པ་བཅས།།