༢༠༡༠ ཟླ་ ༧ ཚེས་ ༣༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༧ ཉིན་ཨི་ཊཱ་ལིའི་གྲོང་ཁྱེར་ཇེལ་སིའི་ (Jelsi) ལོ་འཁོར་རྒྱལ་སྤྱིའི་གཟེངས་རྟགས་ (Traglia) ཞེས་པ་དེ་འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་ཡོད། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བྱམས་པ་དང་བརྩེ་བ། བཟོད་བསྲན་བཅས་བཟང་པོའི་བསླབ་བྱ་དེ་དག་གོང་འཕེལ་གཏོང་གནང་མཛད་པའི་མཛད་རྗེས་ལ་ངོས་ལེན་དང་རྒྱབ་སྐྱོར་མཚོན་ཆེད་དུ་གཟེངས་རྟགས་དེ་འབུལ་ལམ་ཞུས་འདུག གཟེངས་རྟགས་དེ་བོད་གཞུང་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ཆོས་སྐྱབས་པ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཞུས་ཏེ་བཞེས་གནང་ཡོད་པ་དང་།
སྐབས་དེར་སྐུ་ཚབ་དོན་གཅོད་ཀྱིས། ཨི་ཊཱ་ལིའི་གྲོང་ཁྱེར་འདི་ལྟ་བུ་ཞིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ལ་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་གནང་ཡོད་པ་མ་ཟད།
བོད་མི་ཚོའི་དཀའ་ངལ་ལ་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་གནང་བར་ཧ་ཅང་དགའ་ཚོར་དང་བློ་སྤོབས་སྐྱེ་ཐུབ་པ་བྱུང་ཞེས་གསུངས། གཟེངས་རྟགས་ཀྱི་མཛད་སྒོ་དེ་ས་གནས་དེའི་ལོ་ལྟར་ཚུགས་བཞིན་པའི་ (Festa del Grano) ཞེས་པའི་དུས་ཆེན་དང་སྟབས་བསྟུན་ནས་གོ་སྒྲིག་གནང་ཡོད་འདུག དུས་ཆེན་གྱི་ཉིན་དང་པོར་ས་གནས་འདྲ་མིན་ནས་མི་གྲངས་ ༢༠༠༠༠ ཙམ་འདུ་འཛོམ་བྱུང་ཡོད་པ་དང་།
སྐབས་དེར་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པ་བཞིས་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ་དང་སྦྲགས་འཛམ་གླིང་ཞི་བདེ་ཡོང་བའི་སྨོན་ལམ་གསུང་འདོན་ཡང་གནང་ཡོད་པ་བཅས།།