༢༠༡༠ ཟླ་ ༧ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །བྱང་ཨ་རིའི་སྐུ་ཚབ་དོན་ཁང་ནས་ཕྱི་ཚེས་ ༢༧ ཉིན་བཏང་གནས་ནང་འཁོད་དོན། བྱང་ཨ་རིའི་ཁྱབ་ཁོངས་སུ་བོད་རིགས་སྤྱི་མཐུན་ཚོགས་པ་ ༣༡ ཡོད་པ་དང་། ཚོགས་པའི་རྒྱུན་ལས་རྣམས་དུས་རྒྱུན་རང་རང་གི་ལས་ཀ་མང་བས་དུས་ཚོད་ཤིན་ཏུ་དཀོན་ཡང་། བྱང་ཨ་རིའི་ས་གནས་འོས་བསྡུ་ལས་ཁང་གི་བཀོད་མངགས་ལྟར། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་དང་། སྐབས་གསུམ་པའི་བཀའ་བློན་ཁྲི་པ་འོས་བསྡུའི་ལས་རིམ་ཁག་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད། འོན་ཀྱང་ཚོགས་པ་ཁ་ཤས་ཀྱི་རྒྱུན་ལས་གསར་པ་ཡིན་པའི་ཁར་དུས་ཚོད་ཀྱང་དཀོན་པ་དང་། ཁ་ཤས་འོས་བསྡུའི་ལས་རིམ་དང་འབྲེལ་བ་བྱུང་མ་མྱོང་བའི་དབང་གིས་ལས་དོན་འཐུས་ཤོར་ཕྱིན་ན་འགྲིག་གི་མེད་པར་བརྟེན་བྱང་ཨ་རིའི་ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་གིས་ཕྱི་ཟླ་ ༧ ཚེས་ ༢༣ ཉིན་དེང་དུས་ལམ་སྲོལ་ཏེ། ཁ་པར་ཐོག་ནས་ས་གནས་སོ་སོའི་དུས་ཚོད་ཁྱད་པར་དང་བསྟུན་ཏེ་ཚོགས་འདུ་ཐེངས་གསུམ་བསྐོང་ཚོགས་གནང་ཡོད། ས་གནས་སོ་སོའི་དེབ་སྐྱེལ་གྱི་གནས་སྟངས་ཇི་ཆགས་དང་། འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་དོགས་དྲི་ཇི་ཡོད་གསན་རྒྱུ་དང་། དེ་དག་ལ་ལན་འདེབས་གསལ་བཤད་གནང་རྒྱུ། དེ་བཞིན་ས་གནས་མང་ཚོགས་ལ་དེབ་སྐྱེལ་གྱི་གོ་སྐབས་འབེལ་ལྷུག་བསྐྲུན་ཐབས་དང་།
སྔོན་འགྲོ་དང་དངོས་གཞི་གཉིས་ཀའི་འོས་བསྡུའི་སྐབས་འོས་འཕེན་གྱི་ཐོབ་ཐང་ལྡན་པའི་བོད་མི་ཚང་མས་ཆ་ཤས་ལེན་ཐུབ་པའི་ཆེད་ས་གནས་སོ་སོའི་གནས་སྟངས་ལ་གཞིགས་པའི་ལས་འགུལ་འདྲ་མིན་སྤེལ་རྒྱུའི་འབོད་སྐུལ་གནང་རྒྱུ་བཅས་ནི་ཐེངས་འདིའི་ཁ་པར་ཚོགས་འདུའི་ནང་དོན་གཙོ་བོ་དེ་ཡིན། ཕྱི་ཟླ་ ༧ ཚེས་ ༢༣ ཉིན་རྒྱབ་ཆུ་ཚོད་ ༣༡༥ ཐོག་ལྷོ་ཁ་ལི་ཕོ་ནི་ཡ་དང་། བྱང་ཁ་ལི་ཕོ་ནི་ཡ། པོཊ་ལེན་ཌི། སལ་ཌར་བཅས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་བཞི་དང་ཚོགས་འདུ་གནང་ཡོད་པ་དང་། ཆུ་ཚོད་ ༥༡༥ ཐོག་ཀྲོ་རོན་ཀྲོ་དང་། མོན་ཁྲེ་རོལ། ཨིན་རྡི་ཨན་ནཱ། ཕྷི་ལ་དི་ཕྷི་ཡ། ནིའུ་ཡོག ནིའུ་འཇར་སི། སྦོ་སོ་ཀྲོན་བཅས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་མཉམ་དུ་ཚོགས་འདུ་གནང་ཡོད་ཅིང་། ཆུ་ཚོད་ ༦༡༥ ཐོག་ཁོ་ལོ་རལ་ཌོ་དང་། མི་ནི་སུད་ཀྲར། མལ་ཌི་སིན། ཆི་ཀ་གྷོ་བཅས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཚོགས་འདུ་གནང་ཡོད། གོང་གསལ་ས་གནས་ཁག་ནས་དཔྱ་དངུལ་དུས་ཐོག་ཕུལ་ཡོད་ཀྱང་། དཔྱ་དེབ་བོར་བརླགས་སོང་ནས་མིག་སྟོན་བྱེད་རྒྱུ་མེད་ན་དེབ་སྐྱེལ་བྱེད་ཆོག་དང་མི་ཆོག དཔྱ་དེབ་བཟོ་རྒྱུའི་སྙན་ཞུ་ཕུལ་ཟིན་ཀྱང་། དཔྱ་དེབ་ལག་པར་མ་རག་མཁན་གྱིས་དེབ་སྐྱེལ་བྱེད་ཆོག་དང་མ་ཆོག སྤྱི་འཐུས་དང་བཀའ་ཁྲིའི་གཞུང་འབྲེལ་གྱི་འོས་གཞི་ད་ལྟ་ཡོད་དང་མེད།
དཔལ་འབྱོར་ལས་ཁུངས་ཀྱི་ལས་བྱེད་ཨ་རིར་ཕེབས་ནས་ཨ་རི་རང་དུ་དཔྱ་དེབ་གསར་པ་བཟོ་རྒྱུའི་གོ་སྐབས་སྐྲུན་ཐུབ་དང་མི་ཐུབ། ལོ་མང་དཔྱ་དངུལ་མ་ཕུལ་མཁན་རྣམས་ལ་ཡང་བསྐྱར་ཆག་ཡངས་ཀྱི་གོ་སྐབས་ཡོད་དང་མེད། སྔོན་མ་དེབ་སྐྱེལ་ཟིན་པ་ཞིག་གིས་ཡང་བསྐྱར་དེབ་སྐྱེལ་བྱེད་དགོས་མི་དགོས་སོགས་ཀྱི་དོགས་དྲི་གནང་བ་ཁག་ལ་ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་ནས་ལན་འདེབས་གནང་ཡོད། དེ་རྗེས་ས་གནས་འོས་བསྡུ་ལས་ཁང་གི་ངོས་ནས་ཚོགས་འདུར་མཉམ་ཞུགས་གནང་མཁན་ས་གནས་ཁག་ལ་སྔོན་འགྲོ་དང་། དངོས་གཞིའི་འོས་བསྡུའི་སྐབས་མང་ཚོགས་གང་མང་བསྡུ་འཛོམས་ཐུབ་པའི་ཆེད་དམིགས་བསལ་གྱི་ལས་འགུལ་སྤེལ་གནང་ཡོང་བ་དང་། ས་གནས་ཁག་ཚང་མ་དང་། ལྷག་པར་དུ་མི་གྲངས་ཆིག་སྟོང་ལྷག་འདུས་སྡོད་བྱེད་སའི་ས་གནས་ཁག་ནས་དེབ་སྐྱེལ་གྱི་ལས་དོན་དུས་བཀག་ནང་ཚར་བའི་ཆེད་རོགས་པ་བྱེད་མཁན་དང་བླང་མི་སྣ་བཙལ་འཚོལ་དགོས་པ། འོས་བསྡུ་དང་འབྲེལ་བའི་སྐོར་ད་བར་གསལ་བསྒྲགས་ཐེངས་བཞི་སོང་ཟིན་པ་རྣམས་ལ་ཡང་བསྐྱར་ཐུགས་སྣང་ཡོང་བ། ས་གནས་སོ་སོའི་དེབ་སྐྱེལ་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད་སོགས་གསར་གནས་ཇི་ཡོད་ས་གནས་འོས་བསྡུ་ལས་ཁང་ལ་དུས་ནས་དུས་སུ་སྙན་སེང་དགོས་པའི་འབོད་སྐུལ་གནང་ཡོད། གོང་གསལ་ཁ་པར་ཚོགས་འདུར་མཉམ་ཞུགས་མ་ཐུབ་པའི་ས་གནས་རྣམས་བདུན་ཕྲག་འདིའི་རེས་གཟའ་པ་སངས་ཉིན་ཁ་པར་ཚོགས་འདུ་ཚོགས་གཏན་འཁེལ་ཡོད། བྱང་ཨ་རིའི་ས་གནས་འོས་བསྡུ་ལས་ཁང་ནས་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་ད་བར་ས་གནས་འོས་བསྡུའི་ཚོགས་མིའི་ཚོགས་འདུ་ཐེངས་གཉིས་བསྐོང་ཚོགས་གནང་ཡོད་པ་དང་། གསལ་བསྒྲགས་སྔ་རྗེས་ཐེངས་བཞི་གནང་ཡོད་པ། ཁ་པར་ཚོགས་འདུ་ཐེངས་གསུམ་བསྐོང་ཚོགས་གནང་ཡོད་པ་བཅས།།