༄༅། །འདི་གར་བྷན་རྡ་ར་ནོར་རྒྱས་གླིང་ནས་བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཚན་པས་བཏང་གནས་ནང་གསལ། བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པའི་ལས་བྱེད་གསུམ་ནས་རྒྱ་གར་དབུས་མན་པཊ་ཕན་བདེ་གླིང་དུ་ཆེད་བཅར་གནང་སྟེ་ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༨ དང་ ༢༩ ཉིན་གཉིས་རིང་འགྲེམས་སྟོན་གོ་སྒྲིག་ཞུས་ཏེ་བཙན་བྱོལ་བོད་མི་རྣམས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ་མི་ལོ་ ༥༠ རིང་བོད་མིའི་སྤྱི་ཚོགས་ཀྱི་འཕེལ་རིམ་དང་། ཕ་ཡུལ་ཕྱོགས་ལ་རྒྱང་ལྟ་ཞེས་པའི་བརྗོད་བཞིའི་ཐོག་པར་རིས་ཀྱི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་ཡོད། དེ་ཡང་ཐོག་མར་ ༢༠༡༠ ཟླ་ ༥ ཚེས་ ༢༨ ཉིན་སྔ་དྲོ་ཚོུད་ ༡༡ པའི་ཐོག་མན་པཊ་ཕན་བདེ་གླིང་ས་གནས་གྲོས་ཚོགས་དང་། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་། གཞིས་གྲོང་གི་སྤྱི་མི་དང་བརྒྱ་དཔོན། སློབ་གྲྭའི་སྐུ་ཚབ། མཉམ་འབྲེལ་འགན་ལྷན་ཚོགས་གཙོ་དང་དྲུང་ཆེ། རྒྱ་བོད་སྨན་ཁང་གི་སྐུ་ཚབ། ལས་བྱེད། སློབ་ཕྲུག་བཅས་མི་གྲངས་ ༣༠༠ ལྷག་ཙམ་གཞིས་ཆགས་ཀྱི་མི་མང་ཚོགས་ཁང་དུ་འདུ་འཛོམས་ཀྱིས་ཐོག་མར་མན་པཊ་ས་གནས་འགོ་འཛིན་ཀརྨ་དགྲ་འདུལ་ལགས་ནས་སྐོར་སྐྱོད་དུ་ཕེབས་པའི་འགྲེམས་སྟོན་ཚན་པའི་ལས་བྱེད་གཞིས་ཆགས་སུ་བཅར་དགོས་པའི་རྒྱུ་མཚན་སོགས་ངོ་སྤྲོད་གནང་རྗེས་སྐོར་སྐྱོད་འགྲེམས་སྟོན་གྱི་ལས་བྱེད་པ་བཀྲིས་ཕུན་ཚོགས་ལགས་ཀྱིས་བོད་གཞུང་ཕྱི་དྲིལ་ལས་ཁུངས་དང་། བོད་ཀྱི་འགྲེམས་སྟོན་ཚན་པའི་སྐོར་ཀམ་པུ་ཊར་པཝར་པོཌྷཊ་(Powerpoint Presentation)བརྒྱུད་དེ་ངོ་སྤྲོད་གནང་སྐབས་མང་ཚོགས་འདུ་འཛོམས་བྱུང་བ་མང་པོ་ཞིག་ནས་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ལས་དོན་ཇི་བྱས་སྐོར་ལ་ཤེས་རྟོགས་བྱུང་ཡོད། དེ་ནས་འགྲེམས་སྟོན་འབྲེལ་ལས་བསྟན་འཛིན་རབ་དགའ་ལགས་ཀྱིས་པར་རིས་འགྲེམས་སྟོན་གྱི་ངོ་སྤྲོད་ཐུང་ཙམ་ཞིག་གནང་བ་དང་འབྲེལ་འགོ་ལས་མི་མང་ཡོངས་ནས་མཐུན་འགྱུར་རོགས་འདེགས་གནང་བ་མ་ཟད། པར་རིས་ཀྱི་ལས་རིམ་ནང་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་མཚམས་ས་གནས་འགོ་འཛིན་གྱིས་ལམ་སྟོན་གནང་དོན་ལྟར་གཞིས་ཆགས་ནང་སྐུ་ལས་སྐྱོན་མཁན་དགུང་ལོ་བགྲེས་གྲས་ནང་ནས་རང་ལོ་ ༩༥ སོན་པའི་ཨ་མ་པ་སངས་ལགས་ཀྱིས་པར་རིས་དབུ་འབྱེད་གནང་། དེ་ནས་ས་གནས་འགོ་འཛིན་དང་། ས་གནས་གྲོས་ཚོགས་ཚོགས་གཙོ། སྐུ་མགྲོན། སློབ་ཕྲུག་མི་མང་ཡོངས་ནས་རིམ་བཞིན་པར་རིས་འགྲེམས་སྟོན་ཁག་ལ་གཟིགས་ཞིབ་གནང་བ་དང་། བཀའ་འདྲི་ཞུས་པ་རྣམས་ལ་གསལ་བཤད་གནང་སྒོ་ཁག་གནང་བ་མ་ཟད། གཞུང་འབྲེལ་གྱི་གསར་ཤོག་དང་དུས་དེབ་རྣམས་མང་ཚོགས་ལ་བགོས་འགྲེམས་གནང་བ་དང་ཆབས་ཅིག་པར་རིས་ཁག་ལ་གཟིགས་ཞིབ་གནང་ནས་དགོངས་ཚུལ་རྣམས་ཐོ་དེབ་ནང་འགོད་འབུལ་ཡོད་པ་རེད། དེ་ནས་དགོང་དྲོ་ཚོུད་ ༧།༠༠ པའི་ཐོག་བོད་དོན་དང་འབྲེལ་བའི་གློག་བརྙན་བསྟན་ཡོད། ཚེས་ ༢༩ ཉིན་གང་པར་རིས་ཁག་འགྲེམས་སྟོན་གནང་ཡོད། ཕྱོགས་མཚུངས་དགོང་དྲོ་ཚོུད་ ༦།༠༠ ཐོག་བོད་དོན་འབྲེལ་བའི་གློག་བརྙན་བསྟན་སྟབས་མང་ཚོགས་རྣམས་ནས་བཙན་བྱོལ་བོད་གཞུང་གི་སྒྲོམ་གཞི་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་རྗེས་མགོན་པོ་གང་ཉིད་མཆོག་གི་མཛད་འཕྲིན་སྤྱི་དང་། བྱེ་བྲག་བཙན་བྱོལ་བོད་གཞུང་འདི་མང་གཙོ་ཚད་ལྡན་ཞིག་ཏུ་བསྐྱོད་ཀྱི་ཡོད་སྐོར། དེ་བཞིན་ཤེས་ཡོན་བསྟི་གནས་ཀྱི་སློབ་གྲྭ་ཁག་གི་བྱུང་རིམ། ཆོས་སྡེ་ཁག་སླར་གསོ་གནང་རྒྱུར་དགོན་པ་གསར་རྒྱག་ལ་སོགས་པའི་པར་རིས་འགྲེམས་སྟོན་བརྒྱུད་མང་ཚོགས་རྣམས་ལ་གསལ་བཤད་འཐུས་ཚང་གནང་བར་མང་ཚོགས་ནས་བསྔགས་བརྗོད་ཀྱང་ཐོབ་ཡོད་པ་བཅས་སོ།
གསར་གནས།
འབྲེལ་གནས།