༢༠༡༠ ཟླ་ ༧ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༥ སྤྱི ་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ལྡུམ་ར་བདེ་སྐྱིད་དགོན་དུ་མཐོ་ཚད་ཕི་ཊི་ ༡༠༠ ཡོད་པའི་རྣམ་འདྲེན་ལྔ་པ་རྒྱལ་བ་མི་ཕམ་མགོན་པའི་སྣང་བརྙན་མཐོང་གྲོལ་རིན་པོ་ཆེར་རབ་གནས་བཀྲིན་ཆེ་བ་བསྐྱངས་ཡོད། རབ་གནས་རྟེན་འབྲེལ་མཛད་སྒོའི་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཇ་མུ་ཀ་ཤི་མིར་མངའ་སྡེའི་བློན་ཆེན་མཆོག ཁྲིག་སེ་རིན་པོ་ཆེ་མཆོག བླ་སྤྲུལ་དགེ་བཤེས་དང་གྲོས་ཚོགས་འཐུས་མི། ས་གནས་དཔོན་རིགས་ཁག དམག་སྒར་ཁག་གི་ལས་སྣེ་ཕྱི་ནང་སྐུ་མགྲོན་ཁུལ་དེའི་དད་ལྡན་མི་མང་ཚོས་རང་རང་སོའི་རིག་གཞུང་མཚོན་པའི་གཟབ་མཆོར་ལེགས་པར་སྤྲད་དེ་མཛད་སྒོར་མཉམ་བཞུགས་གནང་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་བརྙན་གསར་བཞེངས་གང་ལེགས་བྱུང་འདུག་པར་བསྔགས་བརྗོད་དང་འབྲེལ་གཙོ་ཆེ་ཤོས་ཁོང་གི་མཚན་བྱམས་པ་བཞེས་པ་དེ་གོ་བ་དང་རང་གི་རྒྱུད་ལ་བྱམས་པའི་སེམས་སྐྱེད་ཐུབ་པ་ཞིག་དགོས་པ་རེད།
ལ་དྭགས་འདི་བཞིན་འཕྲོད་བསྟེན་དང་ཤེས་ཡོན་དགོན་པའི་སློབ་གཉེར་འདུལ་ཁྲིམས་སོགས་ཀྱི་ཐད་ལ་ཡར་རྒྱས་གང་ལེགས་འགྲོ་བཞིན་འདུག་པས་གཙོ་ཆེ་འབྲེལ་ཡོད་ལས་སྣེ་ཚོ་དང་དབུ་ཁྲིད་ཚོས་ཐུགས་འགན་གང་ལེགས་གནང་བར་བརྟེན་བྱུང་བ་ཞིག་ཡིན་སྟབས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཐོག་བཀའ་སློབ་ཕེབས་དོན། སྤྱིར་འཛམ་གླིང་འདིའི་སྟེང་ཚ་དྲོད་ཆེ་རུ་འགྲོ་བཞིན་པའི་དཀའ་ངལ་ཞིག་ཡོད། དེ་ནི་འཛམ་གླིང་སྤྱིའི་བདེ་སྐྱིད་དང་འབྲེལ་བ་ཡོད་པ་ཞིག་རེད། རྒྱལ་ཁབ་ཆེ་བ་ཚོས་ཀྱང་དེར་དོ་སྣང་བྱེད་ཀྱི་ཡོད། ང་རང་ཚོ་མི་རེ་ངོ་རེས་དེར་དོ་སྣང་བྱེད་དགོས་པ་ཞིག་ཀྱང་ཆགས་ཡོད། ངོས་ཀྱི་གྲོགས་པོ་བྷ་ཧུ་གུ་ན་ཞེས་པ་ཞིག་གིས་ངོས་རང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གང་དུ་སོང་ཡང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ཤོད་རྒྱུའི་ལས་འགན་ཞིག་གནང་ཡོད་པས་དེ་ཞུས་པ་ཡིན། དེ་ལྟར་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ཤིང་སྣ་འདེབས་འཛུགས་གང་མང་བྱེད་ཐུབ་ན་སོ་སོའི་ཉིན་རེའི་འཚོ་བའི་ཐོག་ལ་ཆ་བཞག་ནའང་གང་དུ་བལྟས་ཀྱང་ལྗང་ཐིང་ཐིང་མཐོང་རྒྱུ་བྱུང་ན་ལྟ་བདེ་བ་དང་སེམས་སྐྱིད་པ། ཁོར་ཡུག་སྲུང་སྐྱོབ་བཅས་ཡོང་དུས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གནས་སྡོད་བྱེད་མཁན་ཚང་མས་ཤིང་སྣ་འདེབས་འཛུགས་དང་ཁོར་ཡུག་ཐོག་ལ་ཐུགས་ཁུར་བཞེས་རོགས་གནང་ཞུ་རྒྱུ་ཡིན་ཞེས་བཀའ་སློབ་ཕེབས་ཡོད། དེ་ནས་མངའ་སྡེའི་བློན་ཆེན་མཆོག་གིས་སྐུ་བརྙན་གསར་བཞེངས་ལེགས་པར་གྲུབ་པ་ད་ལན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རབ་གནས་བཀྲིན་བསྐྱངས་པ་དེས་ནུབ་ར་ཙམ་མ་ཟད། ལ་དྭགས་དང་ཇ་མུ་ཀ་ཤི་མིར་རྒྱ་གར་རྒྱལ་ཡོངས་འཛམ་གླིང་སྤྱིའི་ཞི་བདེ་ཕན་པའི་སྨོན་འདུན་ཡོད་ཅེས་དང་ངའི་སྤོ་བོ་ལགས་ཀྱིས་༸གོང་ས་མཆོག་ཐེངས་མང་མཇལ་མྱོང་ཡོད། ངའི་པཱ་ལགས་ཀྱང་༸གོང་ས་མཆོག་དང་ཐུགས་ཉེ་པོ་ཡོད། ད་ལན་ང་ཚོའི་ནང་གི་མི་ཐོག་བཞི་པ་ངའི་ཕྲུ་གུ་ཚོ་ཡང་༸གོང་ས་མཆོག་མཇལ་རྒྱུའི་གོ་སྐབས་བྱུང་བས་སྐལ་པ་བཟང་པོ་ཡིན་བསམ་གྱི་འདུག་ཅེས་གསུངས་ཡོད། དེ་ཉིན་སྔ་དྲོ་མངའ་སྡེའི་བློན་ཆེན་མཆོག་གི་ནང་མི་དང་སྤན་ཉེ་བཅས་ལའང་༸་གོང་ས་མཆོག་གི་ཞལ་མཇལ་ཡོད། དེ་བཞིན་ཁྲིག་སེ་རིན་པོ་མཆོག་གིས་སྐུ་བརྙན་བཞེངས་རྒྱུའི་ལོ་རྒྱུས་དང་མཐུན་འགྱུར་རོགས་རམ་གནང་མཁན་ཚང་མར་ཐུགས་རྗེ་ཞུའི་གསུང་བཤད་གྲུབ་མཚམས་རིག་གཞུང་འཁྲབ་སྟོན་གནང་ཡོད།
རྒྱལ་བ་བྱམས་པ་མགོན་པོའི་སྐུ་བརྙན་ཐོ་ཚད་ཕི་ཊི་ ༡༠༠ ཡོད་པ་དེ་ཕྱི་ལོ ༢༠༠༥ ལོར་བཞེངས་འགོ་བཙུགས་འདུག ཕྱི་ལོ་ ༢༠༠༧ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་འདིར་ཆིབས་སྒྱུར་གནང་སྐབས་སྐུ་བརྙན་བཞེངས་སར་༸ཞབས་སོར་འཁོད་དེ་ས་གཞིར་བྱིན་རླབས་སྩོལ་སྐབས་མགོན་པོ་གང་ཉིད་མཆོག་གིས་ད་ལན་སྐུ་བརྙན་གསར་བཞེངས་ཀྱི་ལས་ཀ་ཐོག་མ་དེ་ཡང་ངོས་ནས་བརྩམས་པ་ཡིན་རྗེས་སུ་གསར་བཞེངས་གྲུབ་མཚམས་རབ་གནས་ཡང་ངོས་ཀྱིས་གནང་གི་ཡིན་ཞེས་ཞལ་བཞེས་ཐོབ་ཡོད། འགྲོ་གྲོན་ཧིན་སྒོར་འབུམ་ ༢༠༠ ཙམ་གྱི་སྐུ་བརྙན་འདི་ནི་བདེ་སྐྱིད་ཌེས་ཀིཌ་ཀུན་རོགས་ཚོགས་པ་དང་ལྡུམ་ར་བདེ་སྐྱིད་ཌེས་ཀིཌ་བྱམས་མགོན་གསར་བཞེངས་མཉམ་རོགས་མཐུན་འབྲེལ་ཚོགས་པ་གཉིས་ཐུན་མོང་གིས་ཐོག་ནས་གསར་བཞེངས་གནང་བ་ཞིག་རེད། ཁྲིག་སེ་རིན་པོ་ཆེ་མཆོག་གིས་སྐུ་བརྙན་བཞེངས་རྒྱུའི་དམིགས་ཡུལ་ངོ་སྤྲོད་གནང་དོན། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་བ་དང་ཡང་སྒོས་རྒྱལ་བ་ཡིད་བཞིན་ནོར་བུའི་དབུས་རྒྱལ་དབང་ཡབ་སྲས་རྣམ་གཉིས་དང་རིས་མེད་སྐྱེས་ཆེན་དམ་པ་རྣམ་སྐུ་ཚེ་ཡུན་གནས་ཡོང་བ་དང་འཇིག་རྟེན་གྱི་ཁམས་སུ་ནད་ཡམ་མུ་གེ་རིགས་མི་ཡོང་བའི་ཆེད་དང་། དེ་བཞིན་དམིགས་ཡུལ་གཞན་ཞིག་ནི་ནུབ་ར་ནི་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀྱི་ས་མཚམས་སུ་ཡོད་སྟབས་དམག་འཁྲུག་སོགས་མེད་པར་ཞི་བདེ་ཡོང་ཆེད་བཞེངས་པ་ཞིག་ཡིན་ཞེས་གསུངས་བ་བཅས།