༢༠༡༠ ཕྱི་ཟླ་ ༦ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨ་རིའི་བོད་གཞུང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༦ ཚེས་ ༧ ཉིན་ཨ་རིའི་བོད་གཞུང་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་དང་། རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་ཀྱིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་གི་ཟ་ཁང་ཞིག་ཏུ་རྒྱ་ནག་ནས་ཕེབས་པའི་རྒྱ་རིགས་མཁས་དབང་ཞིག་དང་མཇལ་འཕྲད་གནང་ཡོད། རྒྱ་རིགས་མཁས་དབང་དེས་ཁོང་ནས་ཉེ་ཆར་རྒྱ་ཡིག་གི་དྲྭ་རྒྱ་ལྟ་སྐབས་ཁ་སྔོན་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞུང་གིས་གྲོང་ཁྱེར་ནིའུ་ཡོག་ཏུ་༸གོང་ས་མཆོག་དང་ (Twitter) ནང་གདན་འདྲེན་ཞུས་པ་ལྟར། ༸གོང་ས་མཆོག་གིས་རྒྱ་ནག་མི་མང་ཚོའི་དྲི་དོན་ཁག་ལ་བཀའ་ལན་མཛད་པ་དེས་རྒྱ་རིགས་ཚོས་༸གོང་ས་མཆོག་གི་དགོངས་བཞེད་རྟོགས་རྒྱུར་ཕན་ཐོགས་ཆེན་པོ་བྱུང་སྐོར་དང་། རྒྱ་ནག་ནང་ད་ལྟ་འགྱུར་བ་འགྲོ་བཞིན་ཡོད་པས་བོད་ཀྱི་དཀའ་རྙོག་སེལ་རྒྱུར་ཡིད་ཆེས་ཡོད་ཚུལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཀྱི་དབུ་ཁྲིད་ཡིན་པ་མ་ཟད། རྒྱ་རིགས་ཚོའི་དབུ་ཁྲིད་ཀྱང་ཡིན་ཚུལ་སོགས་བརྗོད་ཡོད།
དོན་གཅོད་མཆོག་གིས་རྒྱ་རིགས་མཁས་དབང་ཁོང་ཨ་རིའི་ནང་ཕེབས་ཏེ་མཇལ་ཐུབ་པར་འཚམས་འདྲི་ཞུས་ཡོད་པ་མ་ཟད། ༸གོང་ས་མཆོག་གི་བོད་རྒྱ་ཞི་མོལ་གྱི་འབྲེལ་ལམ་ཐོག་དགོངས་བཞེད་སྤྱི་དང་། ལྷག་པར་རྒྱ་མི་རིགས་དང་འབྲེལ་བ་བཟང་དུ་བཏང་ནས་ཕན་ཚུན་དངོས་ཡོད་གནས་ཚུལ་སྦྱང་བཤད་གོ་བསྡུར་བྱེད་རྒྱུ་དེ་གལ་གནད་ཆེན་པོ་ཞིག་ལ་གཟིགས་ཀྱི་ཡོད་ཚུལ་དང་། ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་སོགས་གསལ་བཤད་གནང་ཡོད། ཡང་རྒྱ་རིགས་མཁས་དབང་དེས་ག་ལེར་ག་ལེར་བོད་མི་དཀྱུས་མ་ཚོས་རྒྱ་རིགས་དང་མཉམ་དུ་ཊ་ཊར་དྲ་རྒྱའི་ལམ་ནས་བསམ་ཚུལ་བརྗེ་ལེན་བྱེད་ཐུབ་པ་ཡོང་རྒྱུར་དོན་གཅོད་ཁང་ནས་ཤུགས་སྣོན་རྒྱག་ཐུབ་པ་བྱུང་ཚེ་རིམ་བཞིན་རྒྱ་ནག་ནང་གནས་ཚུལ་གང་བྱུང་བ་རྣམས་རྒྱ་བོད་མི་རིགས་ཕྱོགས་གཉིས་ཀས་ཤེས་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ཚུལ་གྱི་དགོངས་འཆར་གནང་བར་སྐུ་ཚབ་དོན་གཅོད་མཆོག་གིས་རྒྱབ་སྐྱོར་གནང་བ་དང་འབྲེལ་ཨ་རིའི་བོད་གཞུང་སྐུ་ཚབ་དོན་ཁང་གིས་ལས་དོན་དེར་ཤུགས་སྣོན་རྒྱག་རྒྱུ་ཡིན་སྐོར་གསུངས་ཏེ་དེ་ཉིན་གྱི་དུས་ཐུང་མཇལ་འཕྲད་དེ་དོན་སྙིང་ལྡན་པ་ཞིག་བྱུང་འདུག
གཞན་ཡང་བཙན་བྱོལ་བོད་གཞུང་དབུས་འོས་བསྡུ་ལས་ཁང་གིས་ ༢༠༡༠ དང་། ༢༠༡༡ ལོའི་སྤྱི་འཐུས་འོས་བསྡུ་དང་། བཀའ་བློན་ཁྲི་པ་འོས་བསྡུའི་རིང་གི་ས་གནས་འོས་བསྡུའི་འགན་འཛིན་དང་ས་གནས་འོས་བསྡུའི་འགན་འཛིན་གྱི་འགོ་ཁྲིད་འོག་ས་གནས་འོས་བསྡུའི་ཚོགས་མི་དང་། ཟུར་དཔང་བསྐོ་གཞག་དགོས་པའི་ལམ་སྟོན་ཕེབས་པ་ལྟར། བདུན་ཕྲག་སྔོན་མར་སྐུ་ཚབ་དོན་གཅོད་མཆོག་གིས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི་འདུ་སྐོང་གིས་སྤྱི་ཚོགས་ཞབས་ཞུའི་ཉམས་མྱོང་ཡོད་མཁན་གྱི་མི་གྲངས་ ༡༦ ས་གནས་འོས་བསྡུའི་ཚོགས་མི་དང་། ཟུར་དཔང་བཅས་འོས་བསྡུ་ལྷན་ཁང་དུ་ཕུལ་ཟིན།
གཞན་ཡང་ཕྱི་ཟླ་ ༦ ཚེས་ ༤ ཉིན་འདི་ག་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཕྱི་ཟླ་ ༦ ཚེས་ ༤ ཉིན་པེ་ཅིང་གནམ་བདེེ་སྒོ་མོ་ཆེའི་དོན་རྐྱེན་བྱུང་ནས་ལོ་ ༢༡ འཁོར་བའི་དྲན་གསོའི་ཚོགས་ཆེན་དུ་གཏམ་བཤད་གནང་བར་གདན་ཞུ་བྱས་པ་ལྟར་ཕེབས་ཏེ་རྒྱ་རིགས་མང་ཚོགས་རྣམས་ལ་དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་སྐོར་དང་། བོད་དོན་སྐོར་རྒྱ་སྐད་ནང་གསུང་བཤད་གནང་ཡོད། གསུང་བཤད་ཀྱི་ནང་དོན་ཆ་ཚང་ Canyu སོགས་རྒྱ་ཡིག་གི་དྲ་རྒྱ་ཁག་ནང་ཁྱབ་ཆེན་པོ་ཐོན་ཡོད་པ་བཅས་ཀྱི་གནས་བསྡུས་སུ།