༢༠༡༠ ཕྱི་ཟླ་ ༦ ཚེས་ ༡༡ རེས་གཟའ་པ་སངས།
༄༅། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༠ ཉིན་རྡ་ས་དབུས་འོས་བསྡུ་ལས་ཁང་གིས་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྐབས་བཅོ་ལྔ་པའི་སྤྱི་འཐུས་དང་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཞིག་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག་དང་། ཉེ་ཆར་བསྐོ་གཞག་བྱུང་བའི་འགན་འཛིན་ལས་འཕར་དགེ་བཤེས་རིག་འཛིན་ཆོས་གྲགས་ལགས་དང་གཡང་མཁོ་རྒྱལ་ལགས་རྣམ་པ་གསུམ་གྱིས་ཕྱི་ནང་གསར་འགོད་པ་ཉི་ཤུ་བརྒལ་བ་ལྷན་འཛོམས་ཐོག་དབུས་སྤྱི་ཁྱབ་འོས་བསྡུ་ལས་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག་གིས ་ཐོག་མར་ལས་འཕར་ཕྱག་སྦྲེལ་རྣམ་གཉིས་ངོ་སྤྲོད་དང་སྦྲགས་གསར་འགོད་གསལ་བསྒྲགས་གནང་དོན། ད་རེས་ང་ཚོས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་། སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམས་འོས་འདེམས་ཞུ་ཕྱོགས་ཀྱི་འོས་བསྡུའི་ལས་རིམ་ནང་མི་མང་བརྒྱ་ཆ་གང་མང་ཞིག་གིས་ཆ་ཤས་ལེན་རྒྱུའི་ཆེད་འོས་བསྡུ་ཉིན་བརྒྱ་དུས་གཅིག་ཏུ་འཁེལ་བ་བྱས་ཏེ་སྤྱིར་བཏང་ཨ་རི་དང་། ཡུ་རོབ། ལྷོ་ཤར་ཨེ་ཤི་ཡ་ཁུལ་དུ་བོད་པ་མང་པོ་ཡོད། འོན་ཀྱང་ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནང་བོད་པ་མང་ཤོས་ཆགས་ཡོད། མི་མང་དེ་དག་གི་འཚོ་བའི་མདུན་ལམ་དེ་སུད་ཚོང་གི་ལམ་ནས་འགྲོ་བཞིན་པར་སོང་། འོས་བསྡུའི་སྒྲིག་གཞི་དེ་གཙོ་བོ་བྱས་ནས་སུད་ཚོང་གི་ནམ་དུས་དེར་མིན་པར་བོད་པའི་ལོ་གསར་དང་སྟབས་ཉེ་བའི་དུས་ཚོད་ཅིག་གཏན་འབེབས་ཞུས་ཏེ་སྔར་དང་མི་འདྲ་བར་སྤྱི་འཐུས་ཀྱི་སྔོན་འགྲོ་འོས་བསྡུ་དང་བཀའ་བློན་ཁྲི་པའི་སྔོན་འགྲོ་འོས་བསྡུ་གཉིས་ཉིན་བརྒྱ་དུས་གཅིག་ལ་བཟོས་ཡོད། དེ་བཞིན་སྤྱི་འཐུས་དངོས་གཞི་དང་བཀའ་ཁྲིའི་དངོས་གཞི་གཉིས་ཉིན་གཅིག་ལ་བྱེད་རྒྱུ་བཟོས་ཡོད། སྤྱི་འཐུས་སྐབས་བཅོ་ལྔ་པ་དང་བཀའ་བློན་ཁྲི་པ་སྐབས་གསུམ་པའི་སྔོན་འགྲོ་དེ་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༣ ཉིན་ཡིན། དངོས་གཞི་དེ་ཕྱི་ལོ་༢༠༡༡ ཟླ་ ༣ ཚེས་ ༢༠ ཉིན་གཏན་འབེབས་ཟིན་ཡོད།
བོད་པའི་ལོ་གསར་གྱི་བདུན་ཕྲག་གཉིས་ཙམ་རྗེས་དངོས་གཞིའི་འོས་བསྡུ་ཆེན་མོ་སླེབས་ཀྱི་ཡོད་པས་གཞིས་བྱེས་བོད་མིའི་རྩ་དོན་དང་འབྲེལ་བ་ཡོད་པའི་ལས་དོན་གལ་ཆེན་ཞིག་ཡིན་པར་བརྟེན། མི་མང་རྣམས་དངོས་གཞིའི་འོས་བསྡུ་མ་ཚར་བར་སོ་སོའི་ས་གནས་གང་དུ་ཡིན་ཡང་སྡོད་དགོས་པའི་འབོད་སྐུལ་ཞུ་གི་ཡོད། ཨ་རི་དང་། ཡུ་རོབ་ཕུད་པའི་རྒྱལ་ཁབ་གཞན་དུ་བོད་མི་གནས་སྡོད་ཡོད་ཀྱང་སྤྱི་འཐུས་མེད། ཁ་སེང་གྲོས་ཚོགས་ནང་གི་བཀའ་བསྡུར་བྱུང་བར་གཞིགས་ཚེ་གཅིག་བྱས་ན་ས་ཆ་འགའ་ཤས་ལ་སྤྱི་འཐུས་སྤུར་ཆ་དང་རྩ་བ་ནས་མེད་སར་གསར་པ་འདེམས་བསྐོ་ཡོང་སྲིད་ཀྱི་རེད། དེར་བརྟེན་སྤྱི་འཐུས་གྲོས་ཚོགས་མ་ཚུགས་བར་དུ་ས་གནས་འོས་བསྡུའི་འགན་འཛིན་ཁག་ཏུ་གཏོང་རྒྱུ་ངང་འཐེན་བྱས་ཡོད། དེ་བཞིན་ཕྱི་རྒྱལ་ཁག་ནས་བཀའ་བློན་ཁྲི་པའི་དྲ་རྒྱ་དང་། དེའི་ནང་གནད་ཡོད་མི་སྣ་མང་པོ་ཞིག་བཀོད་འདུག དེ་དག་གཞུང་འབྲེལ་ཡིན་མིན་གྱི་དྲི་བ་མང་པོ་ཡོང་གི་འདུག་པས་དེ་དག་གཞུང་འབྲེལ་གང་ཡང་མ་རེད། བཀའ་བློན་ཁྲིི་པའི་སྔོན་འགྲོའི་འོས་གཞི་ཚར་ནས་ས་གནས་འོས་བསྡུའི་ལས་ཁང་ཁག་གི་གནས་ཚུལ་འབྱོར་རྗེས་བཀའ་ཁྲིའི་དངོས་གཞིའི་འོས་བསྡུ་མ་ཚུགས་སྔོན་གཞུང་འབྲེལ་གྱི་བཀའ་ཁྲིའི་འོས་གཞིར་ཕེབས་མཁན་དེ་དག་གསལ་བསྒྲགས་ཞུ་གི་རེད། ཅེས་གསར་འགོད་གསལ་བསྒྲགས་གནང་ཡོད།།