༢༠༡༠ ཕྱི་ཟླ་ ༦ ཚེས་ ༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༨ ཉིན་གྱི་སྔ་དྲོར་རྡ་སའི་ཉེ་འགྲམ་ (Snow Hermitage) གསོལ་མགྲོན་ཁང་དུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༢ པ་དེ་ཚོགས་ཡོད། ཚོགས་འདུའི་ཐོག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་ཡུ་རོབ་ཀྱི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་དབུས་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་ཉིན་གཉིས་རིང་གི་ལྷན་ཚོགས་དེ་འགོ་འཛུགས་གནང་ཡོད། འདི་ལོའི་ཕྱི་ཟླ་ ༣ ནང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༡ པ་དེ་ཚོགས་ཡོད།
བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་འདི་བཞིན་ཐོག་མར་ཕྱི་ལོ་ ༡༩༩༩ ལོར་བཀའ་ཤག་གི་ལམ་སྟོན་འོག་ཚོགས་ཡོད། ཐེངས་འདིའི་ཚོགས་འདུར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ལྡི་ལི་དོན་གཅོད་དང་བཀའ་བློན་གཅིག་ལྕོགས་བསྟན་པ་ཚེ་རིང་མཆོག་དང་། ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་ཁྱབ་ཁོངས་ལྷོ་ཨ་རི་འབྲེལ་མཐུད་ལས་ཁུངས་ཀྱི་ཚེ་དབང་ཕུན་ཚོགས་ལགས། སྐུ་སྒེར་ཟུང་དྲུང་བསྟན་འཛིན་སྟག་ལྷ་ལགས་བཅས་མཉམ་ཞུགས་གནང་ཐུབ་མེད་པ་བཅས།