༢༠༡༠ ཕྱི་ཟླ་ ༦ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༨ ཉིན་ཕ་ཡུལ་དྲ་རྒྱའི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་ ༦ ཚེས་ ༧ ཉིན་བོད་མི་ངག་དབང་ཆོས་འཕེལ་ལགས་སྐུ་ཚབ་མེད་པའི་རྒྱལ་ཁབས་དང་མི་རིགས་མཐུན་ཚོགས་ (UNPO) ཞེས་པའི་ཚོགས་གཙོར་བསྐོ་གཞག་གནང་འདུག དེ་ཡང་ཚོགས་པ་དེའི་སྐབས་ ༡༠ པའི་ལོ་འཁོར་ཚོགས་ཆེན་གྱི་ཚོགས་འདུ་དེ་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༧ ནས་ ༣༠ བར་ཨི་ཊ་ལིའི་རྒྱལ་ས་རོམ་ནང་ཚོགས་ཏེ་ཚོགས་འདུའི་མཇུག་སྡོམ་ཉིན་ངག་དབང་ཆོས་འཕེལ་ལགས་ཚོགས་པ་དེའི་ཚོགས་གཙོ་གསར་པར་བསྐོ་གཞག་གནང་ཡོད་པ་མ་ཟད། ཨབ་ཀཱ་ཛ་ཡི་ (Abkhazia) ནས་ཡིན་པའི་ལྕམ་ལ་ན་ཨ་གྷར་བྷ་ལགས་ཚོགས་གཞོན་དུ་བསྐོ་གཞག་གནང་འདུག དེ་ཡང་ཚོགས་པ་དེའི་སྐབས་ ༡༠ པའི་ལོ་འཁོར་ཚོགས་ཆེན་སྐབས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་ཡོད་པའི་ནང་འཁོད་དོན། སོག་པོ་དང་བོད། དེ་བཞིན་ཡུ་གུར་བཅས་ཀྱི་རང་དབང་འཐབ་རྩོད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུའི་ཐོག་རྒྱལ་ཁབ་དེ་དག་ནང་རྒྱ་ནག་གཞུང་གིས་འཛིན་པའི་རྒྱ་རིགས་མི་འབོར་སྤོ་ཤུགས་ཀྱི་སྲིད་བྱུས་དང་རྒྱ་རིགས་གཞིས་ཆགས་གནས་སྤོ་བྱས་པར་བརྟེན། རྒྱལ་ཁབ་དེ་དག་གི་སོ་སོའི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་པ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་ཆགས་ཡོད་ཅེས་གསལ་ཡོད།
སྐུ་ཚབ་མེད་པའི་རྒྱལ་ཁབས་དང་མི་རིགས་མཐུན་ཚོགས་དེ་ནི་ཐོག་མ་ཕྱི་ལོ་ ༡༩༩༡ ལོར་གསར་འཛུགས་བྱས་ཡོད། ཚོགས་པ་དེ་རྒྱལ་སྤྱིའི་ཚོགས་པ་ཞིག་ཡིན་ནའང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལྟ་བུ་རྒྱལ་སྤྱིའི་གླེང་སྟེགས་ནང་ངོས་འཛིན་དེ་ཙམ་ཐོབ་ཐུབ་ཀྱི་མེད། ད་ལྟའི་ཆར་ཚོགས་པ་དེའི་ནང་འཛམ་གླིང་ཁྱོན་ཡོངས་ནས་ཚོགས་མི་གྲངས་ ༦༠ ཙམ་ཡོད་པ་རྣམས་གདོད་མའི་མི་རིགས་དང།། གྲངས་ཉུང་མི་རིགས། རྒྱལ་སྤྱིའི་ངོས་འཛིན་མ་ཐོབ་པའམ་བཙན་འཛུལ་བྱས་པའི་ས་ཁུལ་ཁག་བཅས་ཀྱི་ཚོགས་མི་ཤ་སྟག་ཡིན་འདུག ཚོགས་མི་རྣམས་ཀྱིས་སོ་སོའི་རྒྱལ་ཁབ་དང་ས་ཆའི་ནང་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་། ཁོར་ཡུག་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། དེ་བཞིན་རྩོད་རྙོག་རྣམས་འཚེ་བ་མེད་པའི་ལམ་ནས་སེལ་རྒྱུར་འབད་བརྩོན་བྱེད་མུས་ཡིན་འདུག ངག་དབང་ཆོས་འཕེལ་ལགས་ནི་དེ་སྔ་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ལས་ཀྱི་གནས་རིམ་ཐོག་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༥ ལོར་སུད་སིར་ཕེབས་ཏེ་རྒྱལ་ས་ཇི་ནི་ཝའི་ནང་རྟེན་གཞི་བྱས་པའི་བོད་ཀྱི་དོན་གཅོད་ཁང་དུའང་ཕྱག་ལས་གནང་མྱོང་ཡོད་འདུག་པ་བཅས།།