༄༅། །ཀུན་གྱིས་མཁྱེན་གསལ་ལྟར། འདས་ལོ་བཅུ་ཕྲག་ལྔ་ལྷག་རིང་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དབུས་བོད་བརྒྱུད་ནང་བསྟན་རིས་མེད་བླ་ཆེན་རྣམ་པས་མཚོན་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་རླབས་ཆེན་གྱི་མཛད་འཕྲིན་ལ་བརྟེན་འཛམ་གླིང་ཤར་ནུབ་ཀུན་ཏུ་ནང་བསྟན་དར་ཁྱབ་རླབས་ཆེན་བྱུང་བ་དང་། ལྷག་པར་རྒྱ་གར་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་སྲོལ་རྒྱུན་ནང་པ་རྣམས་དང་རྒྱ་ཐང་གི་ནང་པའི་སྤྱི་ཚོགས་གསར་པ་རྣམས་ཀྱི་ཁྲོད་དུའང་ནང་ཆོས་སློབ་གཉེར་གྱི་འདུན་པ་ཇེ་ཆེར་སོང་སྟེ་དེང་སྐབས་བཙན་བྱོལ་བོད་མིའི་ཆོས་སྡེ་དང་སློབ་གྲྭ་ཁག་ཏུ་གྲྭ་བཙུན་སློབ་གཉེར་བ་ཕོན་ཆེ་ཡོང་བཞིན་པ་སོགས་ཕྱི་ནང་གི་རྒྱུ་རྐྱེན་དུ་མ་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་མི་ཤེས་པའི་རྒྱ་གར་ཁྱིམ་པ་ཕོ་མོ་མང་པོས་ཀྱང་ནང་ཆོས་སློབ་གཉེར་བྱེད་འདོད་ཡོད་མཁན་ཇེ་མང་སོང་བར་བརྟེན། རྒྱ་གར་གྱི་གཙུག་ལག་སློབ་ཁང་ཁག་ཏུ་ནང་པའི་སློབ་སྡེ་སྔར་ཡོད་ཡར་རྒྱས་དང་། གསར་འཛུགས་གནང་མཁན་ཇེ་མང་དུ་འགྲོ་བཞིན་པ་མ་ཟད། ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་རི་ས་དང་། གུ་ཇ་རཏ་མངའ་སྡེ་སོ་སོར་༸ཞབས་སོར་འཁོད་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དབུས་ཆེས་མཐོའི་དབུ་ཁྲིད་དང་གཞུང་ཞབས་རྣམ་པས་མངའ་སྡེ་དེ་གཉིས་ཀྱི་ནང་གནའ་དུས་ནང་པའི་གཙུག་ལག་ཁང་དང་། བཤད་སྒྲུབ་ཀྱི་བསྟི་གནས་མང་པོ་ཡོད་པ་ད་ཆ་ས་འོག་ནས་གནའ་རྫས་སྔོག་འདོན་སྐབས་ཇེ་མང་འཐོན་བཞིན་པ་བཅས་ལ་བརྟེན་མངའ་སྡེ་དེ་གཉིས་ཀྱི་ནང་དུའང་གཙུག་ལག་སློབ་ཁང་ཁག་ཏུ་ནང་པའི་ལྟ་གྲུབ་དང་རིག་གཞུང་སློབ་གཉེར་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་འཆར་གཞི་ངེས་ཅན་ཡོད་པ་དང་། བི་ཧར་མངའ་སྡེའི་རྒྱལ་ས་པཊ་ནཱར་སངས་རྒྱས་རྗེས་དྲན་གྱི་མཆོད་སྡོང་གསར་བཞེངས་དང་མཉམ་ནང་པའི་ལྟ་གྲུབ་དང་རིག་གཞུང་གི་སློབ་གཉེར་དང་ཉམས་ཞིབ་ཁང་གསར་འཛུགས་བྱ་འཆར་གྱིས་མཚོན་པའི་འབྱུང་འགྱུར་རྒྱ་གར་ནང་ས་གནས་གང་སར་ནང་པའི་རིག་གཞུང་དང་ལྟ་གྲུབ་སློབ་སྦྱོང་གི་བསྟི་གནས་གང་མང་འགྲོ་རྒྱུ་གདོན་མི་ཟའང་། ད་ལྟ་ཚད་ལྡན་སློབ་སྟོན་གནང་མཁན་གྱི་དགེ་རྒན་ཤིན་ཏུ་དཀོན་པར་བརྟེན་དེ་དག་ཏུ་སློབ་སྟོན་དགེ་རྒན་དགོས་གལ་ནམ་བྱུང་སྐབས་གཏོང་དམིགས་སུ་ཧིན་དཱི་སྐད་ཡིག་རང་སྐྱ་འཕེར་བ་བྱུང་ན་སྨོས་མེད་དང་། དེ་ལྟར་མ་བྱུང་ཡང་གང་འཚམས་ཤེས་པའི་གྲྭ་བཙུན་སློབ་གཉེར་བཟང་གྲས་མི་ཉུང་བ་ཞིག་ལ་ཧིན་སྐད་ཡར་རྒྱས་དང་། རྒྱ་གར་མཐོ་སློབ་ཁག་ཏུ་སློབ་ཁྲིད་བྱེད་ཕྱོགས་ཀྱི་འོས་སྦྱོང་ཟླ་བ་དྲུག་ཙམ་ཞིག་རིང་སྤྲོད་རྒྱུ་ཐུགས་གཏན་འཁེལ་བ་ལགས་ན། དེ་གའི་ཆོས་བརྒྱུད་ཀྱི་ཁོངས་ནས་བསླབ་པ་རིམ་པ་མཐར་སོན་པ་ཞལ་གྲངས་ ༥ ལས་མ་ཉུང་བའི་མི་འགྲོའི་མཚན་དང་ལོ་རྒྱུས་མདོར་བསྡུས་རེ་ཕྱི་ཟླ་ ༦ ཚེས་ ༣༠ ནས་འགྱངས་མེད་འདི་གར་ངེས་འབྱོར་ཐུབ་པ་གཏོང་གནང་ཡོད་པ་ཞུ་རྒྱུ་དང་། འདེམས་སྒྲུག་བྱུང་པའི་འོས་མི་རྣམས་ལ་འོས་སྦྱོང་རིང་བཞུགས་གནས་གསོལ་ཚིགས་དང་ལམ་གྲོན་བཅས་འདི་ལས་ནས་འབུལ་རྒྱུ་ལགས་ཤིང་། འོས་སྦྱོང་ཚོགས་ཡུལ་དང་དུས་ཚོད་ཚེས་ཆ་བཅས་སྐབས་མཚམས་བརྡ་ལན་ཕུལ་རྒྱུ་ཡིན་པའི་གསལ་བསྒྲགས་སུ། བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ནས་ ༢༠༡༠ ཟླ་ ༦ ཚེས་ ༡༤ ཉིན།།
གསར་གནས།
འབྲེལ་གནས།