༢༠༡༠ ཕྱི་ཟླ་ ༦ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༣༠ ཉིན་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཨ་རིའི་ནང་བདུན་ཕྲག་གཉིས་རིང་གཞུང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་ཡོད། དེ་ཡང་ཟླ་ ༥ ཚེས་ ༢༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་བོད་མི་ ༥༠༠༠ ཙམ་ལ་བླང་དོར་བཀའ་སློབ་ཀྱི་མཛད་འཆར་ནང་ལྷན་ཞུགས་ཐོག་བཀའ་ཁྲི་མཆོག་གིས་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱ་དང་། རྒྱལ་སྤྱིའི་ནང་བོད་ཀྱི་གནད་དོན་ཐོག་ལས་འགུལ་སྤེལ་ཕྱོགས། བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་གནས་སྟངས། རྒྱ་གར་ནང་བོད་མི་སྐྱབས་བཅོལ་བ་ཚོའི་འཕྲོད་བསྟེན། བོད་པའི་སློབ་ཕྲུག་ཚོའི་ཤེས་ཡོན་དང་། དེ་བཞིན་གཞིས་ཆགས་ཁག་གི་ནང་ཡོད་པའི་བོད་མི་ཚོའི་བདེ་དོན་བཅས་ལ་འཛིན་སྐྱོང་བཀའ་ཤག་གིས་སྟངས་འཛིན་གནང་ཚུལ་ཇི་ཡིན་ཞིབ་ཕྲ་ངོ་སྤྲོད་གནང་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་མའི་ལམ་གྱི་ནང་དོན་གསལ་བཤད་དང་བོད་རྒྱ་འབྲེལ་མོལ་ཐོག་ད་ལྟའི་གནས་སྟངས་ཇི་ཡིན་བཅས་ཀྱི་ཐོག་གསལ་བཤད་གཟབ་རྒྱས་གནང་ཡོད། དེ་བཞིན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བཙན་བྱོལ་བོད་གཞུང་གི་སྒྲིག་གཞི་ལམ་ལུགས་གཏན་འབེབས་བྱེད་ཕྱོགས་དང་། འབྱུང་འགྱུར་སྤྱི་འཐུས་སྐབས་ ༡༥ པའི་འོས་ཤོག་དང་། བཀའ་ཤག་སྐབས་བཅུ་བཞི་པའི་འོས་ཤོག་གི་གལ་གནད་ཆེ་ཚུལ་གསལ་བཤད་གནང་ཡོད་པ་མ་ཟད། མང་ཚོགས་རྣམས་ཀྱིས་འོས་ཤོག་སྐབས་གང་མང་མཉམ་ཞུགས་དགོས་པའི་འབོད་སྐུལ་ཡང་གནང་ཡོད།
ཕྱི་ཟླ་ ༥ ཚེས་ ༢༣ ཉིན་གྲོང་ཁྱེར་ནིའུ་ཡོཀ་ཏུ་བཀའ་ཁྲི་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ཀྱིས་བོད་མི་ ༨༠༠ དང་ལྷན་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་ལྟ་གྲུབ་དང་གཞུང་གི་འཛིན་སྐྱོང་མ་ལག་ཡར་རྒྱས་གཏོང་ཕྱོགས། བོད་རྒྱ་འབྲེལ་མོལ་གྱི་གནང་སྟངས། སྤྱི་འཐུས་རྣམ་པའི་གཙོ་འགན། ད་ཡོད་སྤྱི་འཐུས་འོས་ཤོག་གི་སྒྲིག་གཞི་ཇི་ཡིན་དང་། དེར་བསྒྱུར་བཅོས་གཏོང་ཕྱོགས་ཀྱི་ལམ་ལུགས། དེ་བཞིན་དྭང་བླངས་དཔྱ་ཁྲལ་ལག་དེབ་བཟོ་ཕྱོགས་བཅས་ཀྱི་ཐོག་མང་ཚོགས་ཀྱི་བསམ་ཚུལ་གང་བྱུང་བ་རྣམས་ལ་བཀའ་ཁྲི་མཆོག་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་གསལ་བཤད་ཞིབ་ཕྲ་གནང་ཡོད་པ་དེར་མང་ཚོགས་རྣམས་འདོད་བློ་ཧ་ཅང་ཚིམས་པོ་བྱུང་ཡོད།
ཕྱི་ཟླ་ ༥ ཚེས་ ༢༤ ནས་ ཚེས་ ༢༧ བར་མཛད་གཙོ་རྣམ་གཉིས་བྱང་ཕྱོགས་ཁལ་ལི་ཕོར་ནི་ཡའི་བོད་རིགས་ཚོགས་པས་གདན་ཞུ་ལྟར་གྲོང་ཁྱེར་བྷར་ཁི་ལེའི་ནང་ཕེབས་ཡོད་པ་དང་། སྐབས་དེར་ས་གནས་བོད་མི་གྲངས་ ༤༠༠ བརྒལ་བ་ཙམ་དང་ལྷན་གྲོས་མོལ་གྱིས་གསུང་བཤད་གནང་ཡོད་པ་མ་ཟད། དེ་རྗེས་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་དང་། ས་གནས་རྒྱ་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ། བྷར་ཁི་ལེའི་གྲོང་ཁྱེར་འཛིན་སྐྱོང་གི་ཚོགས་མི་ཁག་གཅིག དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པའིི་སྐུ་ཚབ་འཐུས་མི་ཁག་གཅིག་བཅས་དང་ཐུག་འཕྲད་གནང་ཡོད། དེ་བཞིན་སྐྱེ་རྒུ་མདོའི་ས་ཡོམ་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་མཆོད་འབུལ་སྨོནལམ་ཚོགས་ཡོད་པ་དེར་ཡང་བཀའ་ཁྲི་མཆོག་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ལྷན་ཞུགས་གནང་ཡོད་པ་མ་ཟད། ས་གནས་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་དྲི་བར་ལན་འདེབས་ཀྱང་གནང་ཡོད།
ཕྱི་ཚེས་ ༢༦ ཉིན་རྒྱབ་བཀའ་ཁྲི་མཆོག་གི་འཚེ་མེད་ཞི་བའི་ལམ། ཞེས་པའི་བརྗོད་གཞིའི་ཐོག་དབྱིན་སྐད་ནང་གསུང་བཤད་གནང་ཡོད་པ་རེད། གསུང་བཤད་དེ་བྱང་ཕྱོགས་ཁལ་ལི་ཕོར་ནི་ཡའི་ས་གནས་བོད་རིགས་ཚོགས་པ་དང་། བྱང་ཕྱོགས་ཁལ་ལི་ཕོར་ནི་ཡའི་ཨེ་ཤི་ཡའི་ཚོགས་པ་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་གནང་ཡོད། སྐབས་དེར་གུང་གྲངས་ ༩༡ ཙམ་ཕེབས་པའི་སྙན་གྲགས་ཅན་གྱི་ཨ་རིའི་མཁས་དབང་སྐུ་ཞབས་ཧཌ་སོན་སི་མི་ཐི་ལགས་ཀྱིས་ཚོགས་བཅར་བ་ཚོར་བཀའ་ཁྲི་མཆོག་ངོ་སྤྲོད་གནང་ཡོད། སྐུ་ཞབས་ཧཌ་སོན་སི་མི་ཐི་ལགས་ཀྱིས་ཨ་རིའི་ཁོ་ལོ་རེ་ཌོ་གཙུག་ལག་སློབ་གྲྭ ཝ་ཤིང་ཊོན་གཙུག་ལག་སློབ་གྲྭ མ་སེ་ཆུ་སེ་ཊི་འཕྲུལ་ལས་མཐོ་སློབ་། ཧར་ཝ་ཌི་གཙུག་ལག་སློབ་གྲྭ སེ་རི་ཁ་སི་གཙུག་ལག་སློབ་གྲྭ་བཅས་གཙུག་ལག་སློབ་གྲྭ་ཁག་ལྔའི་ནང་སློབ་ཁྲིད་གནང་སྟེ་མཐར་ཕྱི་ལོ་ ༡༩༨༣ ལོར་རྒས་ཡོལ་ཞུས་ཡོད་པ་རེད། ཚོགས་འདུའི་སྐབས་མང་ཚོགས་ ༥༠༠ ཙམ་ལྷན་ཞུགས་གནང་ཡོད་པ་མ་ཟད། བོད་མི་གཞོན་སྐྱེས་ཁག་གཅིག་ཀྱང་ཕེབས་ཡོད།
ཟླ་ ༥ ཚེས་ ༢༧ ཉིན་སྤྱི་འཐུས་ཚོགས་གཙོ་མཆོག་ཨ་རིའི་ཁུལ་གྱི་གཞུང་དོན་ལས་འཆར་ཁག་ལེགས་གྲུབ་ཀྱིས་ཡུ་རོབ་ཁུལ་དུ་ཕེབས་ཡོད་པ་དང་། བཀའ་ཁྲི་མཆོག་ཁལ་ལི་ཕོར་ནི་ཡའི་གྲོང་ཁྱེར་སེན་ཇོ་སི་ནང་རྟེན་གཞི་བྱས་པའི་རྒྱུད་སྟོད་གྲྭ་ཚང་གིས་གདན་ཞུ་ལྟར་སི་ལི་ཀོན་ལུང་གཤོངས་སུ་ཕེབས། ཕྱི་ཚེས་ ༢༧ ནས་ ༣༠ བར་བཀའ་ཁྲི་མཆོག་གིས་མང་ཚོགས་ལ་གཏམ་བཤད་གནང་ཡོད་པ་མ་ཟད། ས་གནས་གནད་ཡོད་མི་སྣ་ཁག་གཅིག་དང་ཐུག་འཕྲད་ཀྱང་གནང་ཡོད།
དེ་ཡང་ཕྱི་ཚེས་ ༢༧ ཉིན་རྒྱབ་བཀའ་ཁྲི་མཆོག་གིས་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་གནང་ཡོད། ཚེས་ ༢༨ ཉིན་སེ་ཊེན་ཕོ་ཊི་གཙུག་ལག་སློབ་གྲྭར་སློན་མ་གྲངས་ ༤༥༠ ཕེབས་པ་རྣམས་ལ་ལོ་ངོ་ ༡༥༠༠ ཙམ་སོང་བའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། ད་ལྟའི་བོད་ནང་གི་གནས་སྟངས། བོད་རྒྱ་གཉིས་ཕན་ཐོགས་ཞི་འགྲིག་ཡོང་བའི་ཐོག་བོད་ཀྱི་གནད་དོན་སེལ་སླད་ཆོད་སེམས་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད། ཕྱི་ཚེས་ ༢༩ ཉིན་བཀའ་ཁྲི་མཆོག་གིས་སེན་ཇོ་སིའི་ Double Tree མགྲོན་ཁང་དུ་དེང་དུས་ཀྱི་སྤྱི་ཚོགས་ནང་ཀུན་སྤྱོད་འཁྱེར་སྟངས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། དེ་བཞིན་བཀའ་ཁྲི་མཆོག་རྒྱུད་སྟོད་དགེ་རྩ་ཚོགས་པའི་ཆགས་ཡུལ་གསར་པ་དེར་ཕེབས་པ་མ་ཟད། རྒྱུད་སྟོད་དགེ་རྩ་ཚོགས་པའི་སྦྱིན་བདག་དང་ཚོགས་མི་བཅས་ཀྱི་ལྷན་མཇལ་འཕྲད་ཀྱང་གནང་ཡོད། དེ་ནས་ཕྱི་ཚེས་ ༣༠ ཉིན་བཀའ་ཁྲི་མཆོག་རྒྱ་གར་ཏུ་ཕེབས་ཐོན་གནང་ཡོད་པ་བཅས།།