༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༠ འདི་ནི་བོད་མི་རྣམས་ཀྱིས་རྒྱ་ནག་དབང་འཛིན་པར་ཞི་བའི་ངོ་རྒོལ་བྱས་ནས་ལོ་ ༥༡ འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་པས་ད་བར་བོད་བསྟན་སྲིད་ཀྱི་ཆེད་དུ་ལུས་སྲོག་བཏང་བའི་དཔའ་བོ་དང་དཔའ་མོ་རྣམས་ལ་རྗེས་དྲན་དང་། ད་ལྟའང་མནར་གཅོད་མྱོང་བཞིན་པའི་སྤན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་འཚམས་འདྲི་དང་ཐུགས་གསོ་ཞུ་རྒྱུ་ཡིན།
ལོ་སྔོན་མའི་བཀའ་ཤག་གི་གསུམ་དུས་གཏམ་བཤད་དུ་ཞིབ་ཕྲ་ཞུས་ཟིན་པ་ལྟར་འདས་པའི་མི་ལོ་ལྔ་བཅུའི་རིང་གཞིས་བྱེས་བོད་མི་ཡོངས་ཀྱིས་དཀའ་སྡུག་ཚད་མེད་མྱངས་ཤིང་། བོད་བསྟན་སྲིད་མི་རིགས་དང་བཅས་པར་སླར་གསོ་མི་ཐུབ་པའི་གོད་ཆགས་ཆེན་པོ་བྱུང་བ་དང་། དེ་བཞིན་གཞིས་བཞུགས་བོད་རིགས་བགྲེས་གཞོན་བར་གསུམ་གྱིས་སྙིང་སྟོབས་ཞུམ་པ་མེད་པར་བདེན་པའི་འཐབ་རྩོད་རྒྱུན་སྐྱོང་དང་། བཙན་བྱོལ་དུའང་ཆོས་དང་རིག་གཞུང་འཛིན་སྐྱོང་ཁྱབ་སྤེལ་གྱིས་མཚོན་ཆོས་སྲིད་ཀྱི་བྱ་བ་རླབས་པོ་ཆེ་བསྒྲུབས་པ་སོགས་སྐྱིད་སྡུག་ལེགས་ཉེས་སྣ་ཚོགས་བྱུང་བ་རྣམས་ལ་རྗེས་དྲན་དང་། ལྷག་པར་བཟང་ཕྱོགས་ཀྱི་གྲུབ་འབྲས་རྣམས་གཙོ་ཆེན་༸གོང་ས་༸སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་ཐུགས་བསྐྱེད་དང་འཕྲིན་ལས་ལས་བྱུང་བ་ཡིན་པས་བཀྲིན་རྗེས་དྲན་ཞུ་རྒྱུ་ཡིན།
སྔ་ལོའི་གསུམ་བཅུའི་དུས་དྲན་ནས་བཟུང་ད་ལྟའི་བར་བྱེས་འབྱོར་གཞུང་མང་ཡོངས་ནས་བཙན་བྱོལ་དུ་ལོ་ལྔ་བཅུ་འདས་པའི་སྐྱིད་སྡུག་རྗེས་དྲན་དང་། གནས་ཡུལ་རྒྱལ་ཁབ་ཁག་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་སྣ་ཚོགས་སྤེལ་ཏེ་ཉེ་བའི་ཆར་སྲི་ཞུ་བ་ཡོངས་ཀྱིས་ནང་མོལ་ཚོགས་འདུར་འདས་པའི་ཉམས་མྱོང་ལ་བསྐྱར་ཞིབ་དང་། འབྱུང་འགྱུར་གྱི་བྱེད་སྒོའི་སྐོར་གོ་བསྡུར་ནན་ཟབ་བྱས་པའི་བསམ་འཆར་སྙིང་བསྡུས་༸གོང་ས་མཆོག་ལ་སྙན་གསན་ཞུས་པ་བཞིན། སླར་ཡང་སྙིང་སྟོབས་བསྐྱེད་དེ་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་བདེན་པའི་འཐབ་རྩོད་འཚེ་བ་མེད་པའི་ལམ་ནས་རྒྱུན་འཁྱོང་བྱ་རྒྱུའི་སེམས་བསྐྱེད་བསྐྱར་ནན་བྱས་པ་འདི་ལ་གཞིས་བྱེས་བོད་མི་ཡོངས་ཀྱིས་མཉམ་རུབ་གནང་བའི་ཡིད་ཆེས་ཡོད།
༢༠༠༨ ཕྱི་ཟླ་ ༣ པའི་ཚེས་ ༡༠ ནས་བོད་ནང་ཛ་དྲག་གི་གནས་ཚུལ་གསར་པ་ཞིག་བྱུང་བ་ནས་ད་ལྟའི་བར་བཟང་ཕྱོགས་ཀྱི་འགྱུར་བ་ངེས་ཅན་མ་བྱུང་བར་བློ་འཚབ་ཅི་ཆེ་ཡོད་སྟབས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བོད་དུ་དོན་མེད་ཀྱི་དྲག་གནོན་དང་། འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག དྲང་བདེན་གྱི་ཁྲིམས་ཞིབ་མེད་པར་སྲོག་གི་ཉེས་ཆད་དང་ཡུན་རིང་བཀག་ཉར་བཙོན་འཇུག་བྱས་པ་སོགས་མི་སྤྱོད་ལས་འདས་པའི་ཁྲིམས་འགལ་གྱི་བྱ་བ་རྣམས་འཕྲལ་དུ་མཚམས་འཇོག་ཐོག པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མས་གཙོས་ཉེས་མེད་ཀྱི་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་འབོད་སྐུལ་ནན་པོ་དང་། གཞིས་བཞུགས་བོད་མི་རྣམས་ལའང་སྟབས་གཟབ་བརྟན་ལྷིང་གནང་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན།
བར་སྐབས་འགྲོ་བཞིན་པའི་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་ནང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཚད་ལྡན་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལ་ཆེད་སྤྲོད་བྱས་ཏེ་གཞིས་བྱེས་བོད་མིའི་མངོན་འདོད་གསལ་སྟོན་ཐོག བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་ལ་རྒྱ་ཕྱོགས་ནས་འཁྱོག་བཤད་ཇི་སྙེད་ཅིག་བྱས་འདུག་པ་དེ་དག་ལ་འགྲེལ་བརྗོད་དང་། དགོས་འདུན་གསར་པ་གཉིས་བཏོན་ཆེད་འདི་ལོ་ཕྱི་ཟླ་ ༡ ཚེས་ ༣༠།༣༡ ཉིན་གཉིས་རིང་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པས་པེ་ཅིང་དུ་རྒྱ་གཞུང་གི་སྣེ་མོ་བ་རྣམས་དང་མཉམ་དུ་འབྲེལ་མོལ་ཐེངས་དགུ་པ་དེ་གནང་ཡོད། འབྲེལ་མོལ་འདིའི་སྐབས་༸གོང་ས་མཆོག་གི་བཀའ་དགོངས་ལྟར་རེ་འདུན་དང་པོ། ༸གོང་ས་མཆོག་གི་དགོངས་པའི་ཕུགས་རེ་ནི་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་གནས་ཚུལ་དེ་རང་ཡིན་ཞིང་། དེའི་ཐད་རྒྱ་ནག་དབུས་གཞུང་གིས་བོད་མིའི་གནས་བབ་བདེ་སྐྱིད་དང་ལྡན་པ་འདོད་བློ་ཁེངས་ངེས་ཡོད་ཚུལ་དང་། བོད་ཀྱི་གནད་དོན་མེད་ལུགས་གསུང་གི་འདུག ང་ཚོའི་ངོས་ནས་བོད་མི་མང་ཆེ་བ་ཆོས་སྲིད་དང་དཔལ་འབྱོར། སྐད་ཡིག་དང་རིག་གཞུང་། སྤྱི་ཚོགས་ཀྱི་གནས་སྟངས་གང་ཐད་ནས་འདོད་བློ་མ་ཁེངས་པའི་དཀའ་སྡུག་ཚད་མེད་ཡོད་པ་མཐོང་གི་འདུག དེ་འདྲའི་ཕྱོགས་གཉིས་ཀྱི་མཐོང་ཚུལ་མི་འདྲ་བ་གཉིས་པོ་དེའི་དངོས་ཡོད་བདེན་དོན་ཇི་ཡིན་ས་གནས་ས་ཐོག་ཏུ་ཕྱོགས་གཉིས་ཀས་མཉམ་རུབ་ཀྱིས་ཞིབ་འཇུག་ནན་པོ་ཞིག་གནང་དགོས་ཀྱི་འདུག དེ་ཡང་བོད་མི་ཚང་མར་འཇིགས་ཞུམ་དང་རེ་དོགས་མེད་པར་སོ་སོའི་བསམ་ཚུལ་ངོ་མ་ཇི་ཡིན་གསལ་ སྟོན་བྱ་རྒྱུའི་གོ་སྐབས་བཅོས་མ་མིན་པ་ཞིག་གི་འོག་ནས་ཞིབ་འཇུག་གནང་རོགས་ཞུས་པ་ཡིན། དེ་འདྲའི་ཞིབ་འཇུག་གི་གྲུབ་དོན་དུ་བོད་མི་མང་ཆེ་བ་ཞིག་གིས་དཀའ་རྙོག་མེད་པ་དང།འདོད་བློ་ཁེངས་ངེས་ཡིན་པའི་བསམ་ཚུལ་བཏོན་ན་༸གོང་ས་མཆོག་གི་ཐུགས་འདུན་དེ་རང་ཡིན་པས། སླད་ཕྱིན་བོད་ཀྱི་གནད་དོན་སྐོར་རྩོད་གླེང་གང་ཡང་གནང་དགོས་མེད། ཅི་སྟེ་བོད་མི་མང་ཤོས་ལ་འདོད་བློ་མ་ཁེངས་པའི་གནས་ཚུལ་ཡོད་པའི་དངོས་ར་འཕྲོད་པ་བྱུང་ན་རྒྱ་ནག་དབུས་གཞུང་གིས་ཀྱང་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་དཀའ་ངལ་ཡོད་པ་ངོས་བཞེས་དང་། དེ་དག་སེལ་ཐབས་ཕན་ཚུན་གོ་བསྡུར་དང་མཉམ་རུབ་ཀྱིས་གནང་དགོས་པ་དང་།
རེ་འདུན་གཉིས་པ། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ནས་བཟུང་བོད་ས་ཡོངས་སུ་ཞི་རྒོལ་བྱུང་བ་དེ་དག་༸གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱིས་སྐུལ་སློང་བྱས་ཚུལ་བསྙོན་འཛུགས་གནང་བ་དེ་དངོས་བདེན་མིན་པ་དང་། ངོས་ལེན་མི་ཐུབ་པའི་གནས་ཚུལ་ཧྲིན་ཀྲིན་དུ་ནང་ལུགས་གྲོས་བསྡུར་སྐབས་ཞིབ་ཕྲ་ཞུས་འབྲས་སུ་འབྲེལ་མོལ་ཐེངས་བདུན་པའི་སྐབས་རྒྱ་ནག་དབུས་གཞུང་གིས་མཚམས་འཇོག་དགོས་པ་གསུམ་རྒྱབ་སྐྱོར་མི་བྱེད་པ་བཞི་ལ་བསྒྱུར་ཏེ་དངོས་དོན་ངོས་བཞེས་གནང་ཡོད། འོན་ཀྱང་བར་སྐབས་བསྙོན་འཛུགས་དེ་རིགས་མུ་མཐུད་གནང་བཞིན་འདུག་ན། ད་ཆ་རྒྱ་ནག་དབུས་གཞུང་གི་གཟིགས་ཕྱོགས་འབྲེལ་མོལ་བདུན་པའི་སྐབས་གསུངས་པ་ལྟར་གནས་ཡོད་དམ། དེ་ལ་འགྱུར་བ་ཕྱིན་ཡོད་གསལ་པོ་བཟོ་དགོས། གལ་ཏེ་འགྱུར་བ་ཕྱིན་ཡོད་ན་སྐྱོན་འཛུགས་དེ་དག་དངོས་བདེན་ཡིན་མིན་རྒྱ་ནག་དབུས་གཞུང་གིས་བོད་ཕྱི་ནང་གཉིས་ཀའི་ནང་ཞིབ་འཇུག་མཐིལ་ཕྱིན་ཚན་རིག་དང་མཐུན་པ་གནང་དགོས་ཀྱི་འདུག དེ་འདྲའི་ཞིབ་འཇུག་གི་ལམ་ནས་དངོས་ར་འཕྲོད་པའི་གནས་ཚུལ་ཇི་བྱུང་ལ་ཕྱོགས་གཉིས་ཀས་ངོས་ལེན་དགོས་པ་མ་ཟད། གལ་སྲིད་ང་ཚོར་ནོར་འཛོལ་ཡོད་པ་ར་འཕྲོད་བྱུང་བ་ཡིན་ན་སྔ་འགྱོད་ཕྱི་སྡོམ་ཞུ་རྒྱུ་དང་། ར་འཕྲོད་མ་བྱུང་ན་རྒྱ་ནག་དབུས་གཞུང་གིས་དག་སེལ་དང་སྦྲགས་རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཀར་གཞི་མེད་རྫུན་གཏམ་གྱི་བསྙོན་འཛུགས་གནང་མཚམས་ངེས་པར་དུ་བཞག་དགོས་ཀྱི་འདུག་ཅེས་བརྗོད་ཡོད། རེ་འདུན་འདི་གཉིས་ཀར་འདི་བྱ་འདི་མིན་གྱི་ལན་གསལ་མ་བྱུང་བ་མ་ཟད། དེའི་རྗེས་སུ་རྒྱ་གཞུང་གི་གསར་འགོད་གསལ་བསྒྲགས་ཁག་གི་ནང་དུའང་ང་ཚོའི་རེ་འདུན་ཁག་ཇི་བཞིན་གསལ་སྟོན་བྱས་མི་འདུག ང་ཚོས་ལྷག་བསམ་རྣམ་དག་གིས་བཏོན་པའི་རེ་འདུན་འདི་གཉིས་མུ་མཐུད་མཇུག་ནོན་བྱེད་རྒྱུ་ཡིན། རྒྱ་ནག་དབུས་གཞུང་གི་གཟིགས་ཕྱོགས་དང་གསུང་ཕྱོགས་ལ་བདེན་པ་ཡོད་ན་ཞིབ་འཇུག་གནང་རྒྱུར་ཚམ་ཚོམ་གནང་དགོས་མེད་པ་མ་ཟད། ཐེངས་གཅིག་ཞིབ་འཇུག་ཚད་ལྡན་བྱུང་ན་འབྱུང་འགྱུར་གནས་བབ་གཙང་བསལ་ཀྱིས་བྱ་ལམ་བྱེད་བདེ་ཡོང་རྒྱུ་ཀུན་གྱིས་མཐོང་ཆོས་སུ་འགྱུར་རྒྱུ་རེད།
འདས་པའི་འབྲེལ་མོལ་ཐེངས་དགུའི་རིང་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་སྒེར་དང་། ཁོང་གི་ཉེ་འཁོར་དུ་ཡོད་པའི་བོད་མི་ཉུང་ཤས་ཀྱི་གནད་དོན་གང་ཡང་དབུས་གཞུང་དང་འབྲེལ་མོལ་ཞུ་དགོས་མེད་ཅིང་། འབྲེལ་མོལ་གྱི་བརྗོད་གཞི་ནི་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཁོ་ན་ཡིན་པ་འགྲེལ་བརྗོད་གསལ་ནན་བྱས་ཡོད་པ་མ་ཟད། འབྲེལ་མོལ་གྱི་ལས་རིམ་གང་གི་ནང་དུའང་༸གོང་ས་མཆོག་གི་སྐུ་སྒེར་གྱི་གནད་དོན་གང་ཡང་གླེང་སློང་ཉན་བཤད་ཚིག་གཅིག་ཞུས་མྱོང་མེད་ཅེས་ཚིག་ཐག་ཆོད་པོས་དེ་སྔོན་ཡང་གསལ་བརྗོད་བྱས་ཡོད་པ་མ་ཟད། གལ་ཆེ་ནན་དཔེར་ད་རེས་བསྐྱར་ལྡབ་བྱེད་ཀྱི་ཡོད། དེར་བརྟེན་རྒྱ་གཞུང་གི་གསལ་བསྒྲགས་ནང་༸གོང་ས་མཆོག་གི་སྐུ་སྒེར་གྱི་གནས་བབ་ལས་བོད་མི་རིགས་ཀྱི་བདེ་སྡུག་གི་གནས་ཚུལ་སྐོར་འབྲེལ་མོལ་བྱེད་ཀྱི་མེད་ལུགས་གསལ་བ་ནི་བདེན་པ་མིན་པ་དང་། འབྲེལ་མེད་ཀྱི་བཀའ་མོལ་ཞིག་རེད། འབྱུང་འགྱུར་ཡང་བོད་ཀྱི་གནད་དོན་ཐག་ཆོད་མ་བྱུང་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་མོལ་རྒྱུན་མཐུད་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད་ཀྱང་། འབྲེལ་མོལ་གྱི་བརྗོད་གཞི་ནི་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཁོ་ནའི་སྐོར་མ་གཏོགས། ༸གོང་ས་མཆོག་སྐུ་སྒེར་དང་འབྲེལ་བའི་གནས་ཚུལ་ཚིག་གཅིག་མེད་ཅེས་ནན་བརྗོད་བྱེད་རྒྱུ་ཡིན།
ང་ཚོའི་ངོས་ནས་བོད་ཀྱི་དཀའ་རྙོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་བསལ་རྒྱུའི་ནང་གི་གནད་དོན་ཁོ་ནར་བརྩིས་ཏེ་མེས་ཚིག་མེར་གཏུགས་ཀྱིས་དབུས་གཞུང་དང་འབྲེལ་བ་བྱེད་བཞིན་ཡང་། རྒྱ་ཕྱོགས་ནས་རྒྱལ་ཁབ་གཞན་དང་མཉམ་གཉིས་ཕྱོགས་ཀྱི་འབྲེལ་ལམ་དང་། རྒྱལ་སྤྱིིའི་སྡིངས་ཆ་གང་སར་༸གོང་ས་མཆོག་དང་བོད་དོན་སྐོར་གླེང་སློང་དང་གནོན་ཤུགས་ཚད་མེད་སྤྲོད་བཞིན་པ་འདིས་བོད་དོན་རྒྱལ་སྤྱིའི་གནད་དོན་དུ་རང་བཞིན་གྱིས་འགྱུར་འགྲོ་བ་ཀུན་གྱིས་མཐོང་ཆོས་སུ་ཡོད།
ང་ཚོའི་འཐབ་རྩོད་ནི་བདེན་པ་དང་འཚེ་བ་མེད་པའི་ལམ་ལ་བརྟེན་པ་ཞིག་ཡིན་པས། གཞིས་བྱེས་བོད་མི་ཡོངས་ཀྱིས་འཚེ་བ་མེད་པའི་ལམ་ལ་མཐའ་གཅིག་ཏུ་ཡིད་ཆེས་དང་ཉམས་ལེན་གནང་ན་ནམ་ཞིག་བདེན་མཐའ་གསལ་རྒྱུ་ཡིན་པར་ཐེ་ཚོམ་མེད། དྲང་བདེན་ལ་དགའ་བའི་རྒྱལ་ཁབ་དང་། མང་ཚོགས། ཆོས་སྲིད་ཀྱི་དབུ་ཁྲིད་གྲངས་ལས་འདས་པ་ཞིག་གིས་བོད་ཀྱི་གནད་དོན་སྐོར་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་པ་མ་ཟད། ལྷག་པར་རྒྱ་ནག་ཕྱི་ནང་དུ་གནས་པའི་རྒྱ་རིགས་ཤེས་ཡོན་ཅན་ཧ་ཅང་མང་པོས་༸གོང་ས་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་ལ་དགའ་མོས་རྒྱབ་སྐྱོར་དང་། རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ནོར་འཁྲུལ་ཡིན་པའི་བདེན་དོན་ར་འཕྲོད་བྱུང་དང་ཡོང་བཞིན་པ་རེད། ལྷག་པར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་རང་རྒྱལ་གཞན་ཕམ་གྱི་མངོན་འདོད་མ་ཡིན་པས་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱིས་ཡིད་སྨོན་བྱ་ཡུལ་དང་། ཨ་རིས་མཚོན་མཐུན་ཕྱོགས་རྒྱལ་ཁབ་མང་པོས་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཅིང་། གཞིས་བཞུགས་ཆོལ་གསུམ་བོད་རིགས་ཤེས་ལྡན་ཚང་མས་དགའ་མོས་རྒྱབ་སྐྱོར་ཞུ་ཡུལ་དུ་གྱུར་པ་འདིས་བོད་ཀྱི་གནད་དོན་ལ་འཕྲལ་ཡུན་ཀུན་དགེའི་གྲུབ་འབྲས་རླབས་ཆེན་ཐོབ་དང་འཐོབ་བཞིན་པ་ལགས་ན་༸གོང་ས་༸སྐྱབས་མགོན་ཆེན་པོར་འདི་ལྟ་བུའི་ཡང་དག་པའི་སྲིད་བྱུས་ཀྱི་ལམ་སྟོན་མཛད་པར་བཀྲིན་རྗེས་དྲན་དང་འབྲེལ། ཡིད་གཉིས་ཐེ་ཚོམ་མེད་པར་སྲིད་བྱུས་འདི་ཉིད་རྒྱུན་འཛིན་ཞུ་རྒྱུའི་དམ་བཅའ་འབུལ་རྒྱུ་ཡིན།
འདས་པའི་ལོ་ངོ་དྲུག་ཅུ་ཙམ་གྱི་རིང་བསམ་ཡུལ་ལས་འདས་པའི་བཙན་གནོན་དང་གདུག་རྩབ་ཀྱིས་བོད་མིའི་སྙིང་སྟོབས་དང་ལྷག་བསམ་ཉམས་ཉེས་སུ་བཏང་མ་ཐུབ་ཅིང་། ད་ཆ་གཡོ་ཁྲམ་དང་དཔལ་འབྱོར་གྱི་སླུ་བྲིད་ཀྱིས་བོད་མིའི་སྙིང་སྟོབས་དང་ཆིག་བསྒྲིལ་གཏོར་བཤིག་གཏོང་རྒྱུའི་ཐབས་བྱུས་སྤེལ་བཞིན་འདུག་པ་དེ་དག་ལའང་བོད་མི་རྣམས་དབུ་མི་འཁོར་བའི་ཡིད་ཆེས་ཡོད། བོད་རིགས་ཡོངས་རྫོགས་ཆིག་བསྒྲིལ་གྱི་ནུས་པ་སྔར་ཡོད་ཐོག ཕྱི་ལོ་ ༢༠༠༨ ཀྱི་བྱུང་རིམ་ནས་སྲ་བརྟན་དུ་སོང་བ་དེ་དག་ད་དུང་གོང་མཐོར་སྤེལ་བའི་ཐབས་ཤེས་ལ་འབད་དེ་ཕ་རོལ་པོས་དབྱེན་སྱོར་དང་དོན་གནད་ཆུང་ཙག་དབང་གིས་བོད་རིགས་ནང་ཁུལ་རྙོག་གླེང་མི་ཡོང་བའི་ཡིད་གཟབ་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན།
ད་ལྟའི་སྐབས་སུ་གཞིས་བཞུགས་བོད་མི་ཡོངས་ཀྱིས་ངེས་པར་ཐུགས་སྣང་ཤུགས་ཆེ་གནང་དགོས་པའི་གལ་ཆེའི་དོན་གནད་གཉིས་ནི། བོད་མི་ན་གཞོན་ཚང་མས་ཤེས་ཡོན་སློབ་སྦྱོང་ལ་འབད་བརྩོན་ཆེར་བསྐྱེད་ཀྱིས་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་གཉིས་འཛོམས་ཐོག་ཁྱད་ལས་པ་དང་རིགས་གཅིག་རྐང་འཛིན་པ་གང་མང་ཡོང་ཐབས་དང་། མཐོ་སྒང་བོད་ཀྱི་འཇིག་སླ་བའི་ཁོར་ཡུག་ཉམས་དམས་སུ་མི་འགྲོ་བའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་དགོས། འདི་དག་ནི་ཆབ་སྲིད་དང་འབྲེལ་བ་མེད་ཅིང་བོད་རྒྱ་གཉིས་ཀའི་མང་ཚོགས་ཀྱི་འཕྲལ་ཕུགས་ཀྱི་བདེ་དོན་ཞིག་ཡིན་པས་མཉམ་རུབ་ཀྱིས་གནང་གལ་ཆེ། དེ་མཚུངས་༸གོང་ས་༸སྐྱབས་མགོན་ཆེན་པོས་འཇིག་རྟེན་སྐྱེ་འགྲོ་ཡོངས་དང་ལྷག་པར་ཁ་བ་རི་པའི་མང་ཚོགས་ལ་འདི་ཕྱི་གཉིས་སྨན་གྱི་ཆོས་སྲིད་ཀྱི་བཀའ་སློབ་རིམ་ཕེབས་རྣམས་གང་ཐུབ་ལག་བསྟར་ཡོང་ཐབས་གནང་དགོས།
གྲངས་ཉུང་བོད་ཀྱི་མི་རིགས་དེའང་འཛིན་སྐྱོང་གི་ཆ་ནས་དུམ་བུ་མང་པོ་བགོས་ཡོད་པ་དེ་དག་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་ཚུད་པ་བྱུང་ཚེ་ཤེས་ཡོན་དང་། ལེགས་བྱང་། འཕྲོད་བསྟེན། འཛུགས་སྐྲུན་སོགས་སྒོ་གང་ས་ནས་གཅིག་གྱུར་དང་། ལྷག་པར་བོད་ཀྱི་ཐུན་མིན་ལེགས་བྱང་དང་ངོས་འཛིན་སྲུང་སྐྱོབ་བྱ་རྒྱུར་ཕན་རླབས་ཆེ་བ་ཡོང་རྒྱུ་ཡིན་སྟབས། བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་དགོས་པའི་རེ་འདུན་ཕྱི་ལོ་ ༡༩༥༡ ནས་བཟུང་ཡང་ཡང་བཏོན་བཞིན་པ་ལྟར། འདི་ལོ་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་སྐབས་བོད་ས་ཡོངས་ནས་ཚོགས་མི་བསྡུ་བསྐོང་དང་བོད་རིགས་ཚང་མར་ཡར་རྒྱས་འཆར་གཞི་གཅིག་གྱུར་ཡོང་ཐབས་བྱས་འདུག་པ་དང་། བོད་རིགས་སྤྱི་དང་ལྷག་པར་ཞིང་འབྲོག་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བ་རྗེས་ལུས་ཡིན་པའི་དངོས་དོན་ཡང་ངོས་འཛིན་ཐུབ་པ་བྱུང་འདུག་པ་ནི་དོ་སྣང་འོས་པ་ཞིག་ཡིན་ཞིང་། དོན་དངོས་ཐོག་བོད་རིགས་གནས་ཡུལ་ཡོངས་རྫོགས་ལ་གཅིག་གྱུར་གྱི་ལས་འཆར་ལག་བསྟར་ཡོང་བའི་རེ་སྒུག་བྱེད་རྒྱུ་ཡིན།
ཕྱི་ལོ་ ༢༠༡༠ ལོ་འདིའི་༸གོང་ས་༸སྐྱབས་མགོན་ཆེན་པོའི་འཁྲུངས་ཚེས་ཀྱི་ཉིན་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་དོན་ལྔར་ཕེབས་རྒྱུ་ཡིན་སྟབས་བཙན་བྱོལ་བོད་མི་ཡོངས་ནས་འདི་ལོའི་འཁྲུངས་ཚེས་རྒྱུན་ལྡན་དང་མི་འདྲ་བར་ཆོས་ཕྱོགས་ཀྱི་མཛད་རིམ་གཞི་རྒྱ་ཆེ་ཙམ་སྤེལ་འཆར་ཡིན། དེ་བཞིན་འདི་ལོ་ཕྱི་ཟླ་ ༩ ཚེས་ ༢ ཉིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་ཚེས་འཁེལ་བ་བཞིན་རྗེས་དྲན་ཡང་སྲུང་རྩི་ཞུ་རྒྱུ་ཡིན་ན། བོད་མི་ཚང་མས་དེ་དོན་ཐུགས་འཇགས་ཡོང་བ་ཞུ་རྒྱུ་ཡིན། གཞིས་བཞུགས་བོད་མི་རྣམས་ཀྱིས་གོང་གསལ་དུས་དྲན་རྣམས་སུ་ལུས་ངག་གི་རྣམ་རིག་ཏུ་ཐོན་པའི་བྱ་བ་རྩོམ་ཐབས་དཀའ་ཡང་། ཡིད་ཀྱིས་གཞིས་བྱེས་བོད་རིགས་ཡོངས་དང་མཉམ་ཞུགས་ཐུབ་པའི་ཡིད་ཆེས་ཡོད།
མཐའ་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ ༢༠༡༠ ཕྱི་ཟླ་ ༣ ཚེས་ ༡༠ ལ།། །