སི་ཊས་སི་སྦག་གི་གྲོས་འཆར།
༄༅། །དེང་སྐབས་ང་ཚོ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འཛམ་གླིང་ཞིག་ཏུ་གནས་ཡོད་ཅིང་། རྒྱལ་ཁབ་གཅིག་གི་དཀའ་རྙོག་དེ་རྒྱལ་ཁབ་དེ་ཉིད་ཀྱིས་སེལ་ཐབས་མེད་པའི་དུས་སྐབས་ཤིག་ཏུ་སླེབས་ཡོད། སྤྱི་ལ་སྨན་པའི་འགན་འཁུར་གྱི་བསམ་བློ་ཞིག་མེད་ན་ང་ཚོ་འཚོ་ཞིང་གནས་ཐུབ་པ་བྱ་རྒྱུ་དེ་འཇིག་ཉེན་ཡོད་པ་ཞིག་རེད། དེར་བརྟེན་འཛམ་གླིང་ཐོག་གི་རྒྱལ་ཁབ་འདྲ་མིན་དབར་སྔར་ལས་ལྷག་པའི་གོ་ཤེས་དང་། བརྩི་བཀུར། མཉམ་སྦྲེལ་དམ་ཟབ་བྱ་རྒྱུ་བཅས་ཀྱི་དགོས་པ་དེར་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་ཡིད་ཆེས་བྱེད་བཞིན་ཡོད། ཡོ་རོབ་གྲོས་ཚོགས་ནི་དེའི་ཕྱོགས་ལ་སྐུལ་མ་བྱེད་པའི་མིག་དཔེ་བཟང་པོ་ཞིག་ཡིན། མི་རབས་གཅིག་གི་དུས་ཡུན་ནང་དེ་སྔོན་དགྲ་བོ་ཡིན་པ་རྣམས་ཀྱིས་ཀྱང་དམག་འཁྲུག་གི་ཟང་ཟིང་གི་ཁྲོད་ནས་ད་ཆ་མཉམ་གནས་དང་། མཉམ་སྦྲེལ་བྱེད་དགོས་པ་དེ་ཤེས་ཀྱི་ཡོད། ད་ལམ་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་འདུ་འདིའི་ཐོག་ངོས་ནས་གཏམ་བཤད་བྱེད་པར་དམིགས་བསལ་གྱི་སྤྲོ་བ་འཕེལ་ཞིང་། དེ་ནི་གཟི་བརྗིད་དང་ལྡན་པ་ཞིག་ཡིན་པར་སྙམ།
ཁྱེད་རྣམ་པས་མཁྱེན་གསལ་ལྟར། ངོས་རང་གི་ཡུལ་བོད་ནི་དཀའ་ངལ་ཅན་གྱི་དུས་སྐབས་ཤིག་ཏུ་གནས་ཡོད་ཅིང་། སྤྱིར་བོད་མི་ཡོངས་དང་། ལྷག་པར་རྒྱ་མིའི་བཙན་བཟུང་འོག་གནས་པའི་བོད་མི་རྣམས་ནས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཚང་མ་སྲུང་སྐྱོབ་དང་ཁྱིམ་མཚེས་ཚོ་དང་མཉམ་དུ་ཞི་བདེར་གནས་རྒྱུ་ཡོང་ཆེད་རང་དབང་དང་། དྲང་བདེན། མདུན་ལམ་རང་ཐག་རང་གཅོད་བྱ་རྒྱུ་བཅས་ཡོང་བར་སྐོམ་པ་ཆུ་འདོད་ལྟ་བུའི་རེ་སྒུག་བྱེད་བཞིན་ཡོད།
ང་ཚོ་བོད་མི་ཚོས་ལོ་ངོ་སྟོང་ཕྲག་ལྷག་ཙམ་རིང་ནང་བསམ་བློ་དང་། ཕྱི་རང་བྱུང་གི་བཀོད་པའི་རིན་ཐང་ཁག་ལ་སོར་གནས་དམ་འཛིན་བྱས་པ་དེ་ཉིད་སྣོད་བཅུད་བཏང་སྙོམས་སུ་གནས་ཐུབ་པའི་མཐུན་རྐྱེན་དུ་གྱུར་ཡོད་ཅིང་། འཚེ་བ་སྤོང་བ་དང་། གཞན་ཕན་སྙིང་རྗེས་ཀུན་ནས་བསླངས་པའི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་བསླབ་བྱ་དང་། ངེད་ཅག་གི་ཡུལ་ལུང་འདིའི་མཐའ་སྐོར་དུ་གངས་རིའི་ར་བས་བསྐོར་ནས་སྲུང་སྐྱོབ་བྱས་ཡོད་པ་བཅས་ཀྱིས་རྐྱེན་པས་སྐྱེ་འགྲོ་ཀུན་གཅེས་པར་བཟུང་ནས། དྲག་པོའི་གཡུལ་འཐབ་དེ་རྒྱལ་ཁབ་ཀྱི་སྲིད་བྱུས་ཡོ་བྱད་དུ་སྤྱོད་པ་དེ་རིགས་སྤོང་ཐུབ་པ་བྱུང་ཡོད།
ལོ་ངོ་ཉིས་སྟོང་ལྷག་ཙམ་སོང་བའི་ང་ཚོའི་རྒྱལ་རབས་ནི་རང་བཙན་དུ་གནས་པ་ཞིག་ཡིན། ཕྱི་ལོའི་གོང་གི་ལོ་ ༡༢༧ སྐབས་ང་ཚོའི་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་ང་ཚོ་བོད་མི་ཚོས་ཕྱི་རྒྱལ་གྱི་སྟོབས་ཤུགས་ཇི་འདྲ་ཞིག་ལ་ཡང་ང་ཚོའི་བདག་དབང་སྤྲོད་རྒྱུའི་ཁས་ལེན་དུས་ནམ་ཡང་བྱེད་མྱོང་མེད།
རྒྱལ་ཁབ་ཚང་མ་དང་འདྲ་བར། ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་སོག་པོ་དང་། མན་ཇུ། རྒྱ་ནག དབྱིན་ཇི། བལ་ཡུལ་གྱི་གོར་ཥ་བཅས་ཀྱིས་ང་ཚོའི་ཐོག་དབང་ཤུགས་སྤེལ་ཐབས་བྱས་ཡོད་ཀྱང་། དེ་ནི་དུས་ཡུན་ཐུང་ངུ་ཞིག་ཡིན་ལ་དེ་དག་གིས་རྐྱེན་པས་ང་ཚོའི་རྒྱལ་ཁབ་ཀྱི་བདག་དབང་ཤོར་བ་ཞིག་མཚོན་པར་བོད་མི་དམངས་ཀྱིས་ཁས་ལེན་གཏན་ནས་བྱེད་མྱོང་མེད་ལ། འདས་པའི་དུས་སུ་བོད་ཀྱི་བཙན་པོ་ཚོས་ཀྱང་རྒྱ་ནག་གི་ས་ཁྱོན་ཆེན་པོ་དང་། ཁྱིམ་མཚེས་ཀྱི་ས་ཁུལ་ཁག་དབང་དུ་བསྡུ་མྱོང་ཡོད་པ་ཙམ་གྱིས་ང་ཚོ་བོད་མི་ཚོས་ས་སྡེ་དེ་ཚོར་བདག་ཐོབ་ཡོད་ལུགས་ཀྱི་རྩོད་གླེང་བྱེད་ཆོག་པ་ཞིག་ཡིན་པ་མཚོན་ཐུབ།
ཕྱི་ལོ་ ༡༩༤༩ ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དྲག་པོའི་ཐོག་ནས་བོད་ཡུལ་བཙན་བཟུང་བྱས་པ་ནས་བཟུང་བོད་ཀྱི་ལོ་རྒྱུས་ཐོག་ཆེས་མུན་ནག་གི་དུས་རབས་ཤིག་བརྒྱུད་དགོས་བྱུང་ཡོད། བཙན་བཟུང་བྱས་པའིི་ངན་འབྲས་ལ་བརྟེན་ནས་བོད་མི་ས་ཡ་གཅིག་ལྷག་ཙམ་འཆི་སྐྱོན་བྱུང་བ་དང་། དགོན་སྡེ་སྟོང་ཕྲག་མང་པོ་གྱང་ཧྲུལ་དུ་བཏང་བ། སློབ་གཉེར་དང་། དཔལ་འབྱོར་གྱི་གོ་སྐབས་འཕྲོགས་པ་མ་ཟད། སོ་སོའི་མི་རིགས་ཀྱི་ངོ་བོའི་འདུ་ཤེས་ཀྱང་འཕྲོགས་པའི་མི་རབས་གཅིག་འཚར་ལོངས་བྱུང་ཡོད། གཞི་རྐང་ད་ལྟ་རྒྱ་ནག་གི་འགོ་ཁྲིད་ཚན་ཁག་གིས་བཅོས་སྒྱུར་འགའ་ཤས་གཏོང་གི་ཡོད་ཀྱང་། དེ་དང་ཆབས་ཅིག་བོད་ས་མཐོར་རྒྱའི་མི་འབོར་ཁྱོན་ཆེ་གནས་སྤོ་བྱེད་པའི་སྲིད་བྱུས་ཤིག་ལག་བསྟར་བྱས་ཏེ་བོད་མི་ས་ཡ་དྲུག་པོ་རྣམས་གྲངས་ཉུང་མི་རིགས་ཤིག་ཏུ་བསྒྱུར་ཐབས་བྱེད་ཀྱི་ཡོད། ངོས་ནས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་ཡིད་སྐྱོ་བའི་ངང་ཁྱེད་རྣམ་པར་ཞུ་རྒྱུར། ང་ཚོའི་ཡ་ང་ཐབས་རྡུགས་ཀྱི་གནས་ཚུལ་དེ་ད་དུང་མུ་མཐུད་ནས་གནས་ཡོད།
ངས་ཐོག་མཐའ་བར་གསུམ་དུ་ངོས་ཀྱི་མི་དམངས་ཚོར། ཁོང་ཚོས་སྡུག་བསྔལ་སེལ་ཐབས་སུ་དྲག་རྩབ་ཀྱི་ཐབས་ཚུལ་མི་སྤྱོད་རྒྱུར་ནན་བཤད་བྱས་ཡོད། འོན་ཀྱང་། ཞི་བའི་སྒོ་ནས་དྲང་བདེན་མིན་པའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་པའི་དྲང་བདེན་གྱི་ཐོབ་ཐང་དེ་མི་ཚང་མར་ཡོད་པ་ཞིག་ཡིན་པར་ཡིད་ཆེས་ཡོད། སྟབས་མི་ལེགས་པ་ཞིག་ལ་བོད་དུ་རྔམ་སྟོན་ཁྲོམ་སྐོར་ཁག་བྱེད་མཁན་ཚོར་རྒྱ་མིའི་སྐོར་སྲུང་དམག་དང་། དམག་མི་ཚོས་གདུག་རྩབ་ཀྱི་དྲག་གནོན་བྱས་འདུག ངས་མུ་མཐུད་ནས་འཚེ་མེད་ཞི་བའི་ལམ་དུ་འཇུག་དགོས་པའི་སློབ་སྟོན་བྱ་རྒྱུ་ཡིན་ན་ཡང་། རྒྱ་ནག་གིས་གདུག་རྩབ་ཀྱི་བྱ་ཐབས་སྤྱོད་རྒྱུ་དེ་མཚམས་འཇོག་མ་བྱས་ཕྱིན་ད་དུང་དུས་བབ་ཇེ་སྡུག་ཏུ་འགྲོ་བའི་འགན་དེ་བོད་མི་ཚོས་འཁུར་མི་ཐུབ།
བོད་མི་ཡོངས་ནས་ང་ཚོའི་རྒྱལ་ཁབ་ཀྱི་རང་བཙན་སླར་གསོའི་ཆེད་དུ་རེ་སྨོན་བྱེད་བཞིན་ཡོད་ཅིང་། འཐབ་རྩོད་དེའི་ནང་ང་ཚོའི་མི་དམངས་ཁྲི་ཕྲག་མང་པོས་རང་སྲོག་བློས་གཏོང་བྱས་པ་མ་ཟད། བོད་རྒྱལ་ཁབ་ཡོངས་སུ་སྡུག་བསྔལ་ཚབས་ཆེན་མྱོང་དགོས་པ་བྱུང་ཡོད། ཉེ་བའི་ཟླ་ཤས་ནང་དུའང་བོད་མི་མང་པོས་རྩ་འགངས་ཆེ་བའི་དམིགས་ཡུལ་འདི་བསྒྲུབ་ཆེད་དཔའ་ངར་ལྡན་པའི་ངང་ནས་རང་སྲོག་བློས་གཏོང་བྱས་ཡོད། ཡིན་ནའང་། རྒྱ་མིའི་ངོས་ནས་བོད་མིའི་འདོད་བློར་བརྩི་སྲུང་གཏན་ནས་མ་བྱས་པའི་ཐོག་ཆེས་གདུག་རྩབ་ཀྱི་བཙན་གནོན་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད། ངོས་ནས་ངོས་ཀྱི་རྒྱལ་ཁབ་ཀྱི་གནས་སྟངས་སྐོར་དོན་དངོས་དང་མཐུན་པའི་སྒོ་ནས་རྩོད་རྙོག་སེལ་ཐབས་ཇི་འགབ་བསམ་བློ་ཡུན་རིང་བཏང་བ་ཡིན་ལ། ངོས་ཀྱི་བློན་ཆེན་ལྷན་ཚོགས་དང་ངོས་ནས། གྲོགས་པོ་དང་། སེམས་འཁུར་ལྡན་པའི་མི་སྣ་མང་པོའི་བསམ་འཆར་འདྲི་ཞིབ་བྱས་ཏེ། ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༡ ཉིན་ཝ་ཤིང་ཀྲོན་དུ་ཚོགས་པའི་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུའི་ཐོག་བོད་ཀྱི་ཆེད་དུ་དོན་ཚན་ལྔ་ལྡན་གྱི་ཞི་བདེའི་གྲོས་འཆར་ཞིག་བཏོན་ཡོད། དེའི་ནང་བོད་ས་ཡོངས་རྫོགས་ཞི་བདེའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་སྟེ། ཕྱི་སྣོད་རང་བྱུང་གི་བཀོད་པ་དང་། ནང་བཅུད་སྐྱེ་འགྲོ་ཐམས་ཅད་ཞི་མཐུན་དུ་གནས་པའི་གནས་མཆོག་ཅིག་ཏུ་བསྒྱུར་རྒྱུ་དེ་ཡིན་ཞེས་དང་། ད་དུང་ངོས་ནས་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོའི་མདུན་ལམ་ལ་སྲུང་བརྩི། ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ། རྒྱ་ཕྱོགས་ནས་བོད་དུ་མི་འབོར་གནས་སྤོ་བྱ་རྒྱུ་མཚམས་འཇོག་ཡོང་བ་བཅས་ཀྱི་རེ་འདུན་བཏོན་ཡོད།
གྲོས་འཆར་གྱི་དོན་ཚན་ལྔ་པ་དེས་རྒྱ་ཕྱོགས་དང་ང་ཚོའི་དབར་ལྷག་བསམ་རྣམ་དག་གི་གྲོས་མོལ་ཞིག་བྱ་དགོས་པའི་སྐུལ་མ་བྱས་ཡོད། དེར་བརྟེན་ངའི་ངོས་ནས་རྒྱ་ཕྱོགས་ལ་སྤྲོད་རྒྱུའི་བསམ་གཞི་ཁག་གཅིག་གོ་སྒྲིག་བྱས་ཡོད་པ་དེས་བོད་ཀྱི་རྩོད་གཞིའི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིར་འགྱུར་རྒྱུའི་རེ་བ་ཡོད། ངོས་ནས་གོ་སྐབས་འདི་དང་བསྟུན་ནས་འདིར་ཚོགས་གྲགས་ཅན་མི་སྣ་རྣམས་ལ་བསམ་གཞི་འདིའི་གཙོ་གནད་རྣམས་སྙན་སྒྲོན་ཞུ་རྒྱུ་ཡིན།
བོད་ཆོལ་ཁ་གསུམ་ དབུས་གཙང་དང་། ཁམས། ཨ་མདོ། ཡོངས་རྫོགས་སྤྱིའི་བདེ་རྩ་དང་། མི་དམངས་དང་དེའི་ཁོར་ཡུག་རྣམས་སྲུང་སྐྱོབ་བྱེད་ཆེད་མི་དམངས་ཀྱི་འདོད་བློ་གཙོ་བཟུང་གིས་ཁྲིམས་ལུགས་གཞིར་བཟུང་བཙུགས་པའི་རང་སྲིད་རང་འཛིན་གྱི་དམངས་གཙོའི་ཆབ་སྲིད་ཀྱི་གོང་བུ་ཞིག་ཏུ་བསྒྱུར་རྒྱུ་དེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་མཐུན་བྱ་རྒྱུ་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནས་བོད་ཀྱི་ཕྱི་འབྲེལ་སྲིད་བྱུས་ཀྱི་འགན་འཁུར་རང་འཇགས་ལེན་ཆོག་རྒྱུ་དང་། བོད་གཞུང་ནས་རང་ཉིད་ཀྱི་ཕྱི་ཕྱོགས་འབྲེལ་མཐུད་ལས་ཁུངས་བརྒྱུད་ནོར་སྲིད་དང་། ཤེས་རིག་སློབ་གསོ། ཆོས། རིག་གཞུང་། ཡུལ་སྐོར་སྤྲོ་འཆམ། ཚན་རིག ལུས་རྩལ། དེ་མིན་སྲིད་དོན་མ་ཡིན་པའི་འབྲེལ་བ་བཅས་ཡར་རྒྱས་གཏོང་རྒྱུ་དང་། རྒྱུན་འཁྱོངས་ཡོང་བ་བྱེད་དགོས། བོད་ཀྱི་ལས་དོན་དེ་རིགས་དང་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ནང་ཞུགས་རྒྱུ།
བོད་གཞུང་ནི་རྩ་ཁྲིམས་སམ། གཞི་རྩའི་ཁྲིམས་ལུགས་ཤིག་གི་ཐོག་འཛུགས་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད། གཞི་རྩའི་ཁྲིམས་ལུགས་དེ་དམངས་གཙོའི་ལམ་ལུགས་ལྡན་པའི་སྲིད་གཞུང་ཞིག་ལ་དཔལ་འབྱོར་གྱི་ཁེ་ཕན་འདྲ་མཉམ་དང་། སྤྱི་ཚོགས་ཀྱི་དྲང་བདེན། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་འགན་འཁུར་སྤྲད་ཡོད། དེའི་གོ་དོན་ནི་བོད་གཞུང་ལ་བོད་དང་བོད་མིར་འབྲེལ་བ་ཡོད་པའི་བྱ་གཞག་ཚང་མའི་འགན་འཁུར་ཚང་མ་ཡོད་དགོས་པ་ཞིག་ཡིན།
སྐྱེ་བོ་བྱེ་བྲག་སོ་སོའི་རང་དབང་ནི་སྤྱི་ཚོགས་ཀྱི་ཡར་རྒྱས་དང་ནུས་པའི་འབྱུང་ཁུངས་ཡིན་པ་ལྟར་བོད་གཞུང་ནས་གཏམ་བརྗོད་དང་། ཚོགས་འཛོམས། ཆོས་དད་བཅས་ཀྱི་ཐོབ་ཐང་ཁག་ཚུད་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་ཟིན་པའི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་རྩ་ཚིག་ལ་སྲུང་བརྩི་བྱས་པའི་ཐོག་ནས་རང་དབང་འདི་རིགས་ཡོང་ཐབས་སུ་འབད་བརྩོན་བྱ་རྒྱུ། བོད་རྒྱལ་ཁབ་ཀྱི་ངོ་བོའི་འབྱུང་ཁུངས་དེ་ཆོས་ལ་ཐུག་ཡོད་ཅིང་། ཆོས་ཀྱི་རིན་ཐང་དེ་རབ་ཏུ་ཕྱུག་པའི་བོད་ཀྱི་རིག་གཞུང་གི་སྙིང་ཁམས་སུ་གནས་ཡོད་པས་ཆོས་ལ་སྲུང་སྐྱོབ་དང་། ཉམས་ལེན་བྱ་རྒྱུ། དར་ཁྱབ་གཏོང་རྒྱུ་བཅས་ནི་བོད་གཞུང་གི་དམིགས་བསལ་ཅན་གྱི་འགན་འཁྲི་ཞིག་ཡིན།
སྲིད་གཞུང་དེ་ཉིད་མང་མོས་བདམས་ཐོན་བྱུང་བའི་སྤྱི་ཁྱབ་བློན་ཆེན་དང་། གྲོས་ཚོགས་རིམ་པ་གོང་འོག་གཉིས། ཁྲིམས་འཛིན་ཚན་ཁག་ནས་བཏོན་པའི་རང་ཚུགས་ཐུབ་པའི་ཁྲིམས་ལུགས་ཤིག་བཅས་ལས་གྲུབ་དགོས་པ་ཞིག་ཡིན། བོད་གཞུང་གི་བསྟི་གནས་ནི་ལྷ་ས་ཡིན།
བོད་ཀྱི་སྤྱི་ཚོགས་དང་། དཔལ་འབྱོར་གྱི་ལམ་ལུགས་དེ་མི་དམངས་ཡོངས་ཀྱི་འཚོ་བའི་གནས་ཚད་གོང་མཐོར་གཏོང་རྒྱུའི་དགོས་མཁོ་གཙོ་བཟུང་གིས་བོད་མི་དམངས་ཀྱི་འདོད་བློ་གཞིར་བཟུང་གཏན་འབེབས་བྱེད་དགོས་པ་ཡིན།
བོད་གཞུང་ནས་རི་དྭགས་དང་། སྐྱེ་དངོས་རྩི་ཤིང་ལ་སྲུང་སྐྱོབ་བྱེད་པའི་དམ་བསྒྲགས་ལྡན་པའི་ཁྲིམས་ལུགས་ཁག་གཏན་འབེབས་བྱ་རྒྱུ་དང་། རང་བྱུང་ཐོན་ཁུངས་བཤུ་གཞོག་བྱེད་པའི་རིགས་ལ་སྟངས་འཛིན་ནན་པོ་བྱ་རྒྱུ། རྡུལ་ཕྲན་མཚོན་ཆ་དང་། དེ་མིན་གྱི་མཚོན་ཆའི་རིགས་བཟོ་བསྐྲུན་དང་ཚོད་ལྟ། གསོག་འཇོག གནོད་ཚབས་ཆེ་བའི་སྙིགས་རོ་འདོན་རྒྱུ་ཡོད་པའི་རྡུལ་ཕྲན་གྱི་ནུས་ཤུགས་དང་། བཟོ་རྩལ་གྱི་རྣམ་གྲངས་བེད་སྤྱོད་བྱ་རྒྱུ་བཅས་ལ་དགག་བྱ་ནན་པོ་བྱ་རྒྱུ། བོད་འདི་བཞིན་སའི་གོ་ལའི་ཐོག་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱ་ཡུལ་ཆེ་ཤོས་ཤིག་ཏུ་བསྒྱུར་རྒྱུ་ནི་སྲིད་གཞུང་གི་མཐར་ཐུག་གི་དམིགས་ཡུལ་ཡིན།
བོད་ནང་དམག་དཔུང་དང་། དམག་མཁོའི་སྒྲིག་ཆས་ཕྱིར་འཐེན་བྱེད་པར་བརྟེན་ནས་དོན་དམ་པའི་ཞི་བདེའི་གནས་མཆོག་ཅིག་ཏུ་འགྱུར་རྒྱུར་འགན་སྲུང་ཡོང་ཆེད་ཁྱིམ་མཚེས་རྒྱལ་ཁབ་མངའ་ཁུལ་གྱི་ཞི་བདེའི་ཚོགས་འདུ་སྐོང་འཚོགས་བྱེད་དགོས་ཤིང་། ཚོགས་འདུ་དེ་འདྲ་ཞིག་སྐོང་འཚོགས་མ་བྱས་པར་དང་། བོད་ནས་དམག་དཔུང་དང་དམག་མཁོའི་སྒྲིག་ཆས་ཕྱིར་འཐེན་བྱས་ཏེ་བར་གནས་ཀྱི་ས་ཁུལ་ཞིག་ཏུ་མ་བསྒྱུར་བར་རྒྱ་ནག་གིས་བོད་དུ་གྲངས་ཚད་ངེས་ཅན་ལྡན་པའི་དམག་དཔུང་བཞག་ཆོག་རྒྱུ་དེ་ནི་སྲུང་སྐྱོབ་ཁོ་ནའི་ཆེད་དུ་ཡིན།
གྲོས་མོལ་ལ་གྲུབ་འབྲས་ཕུན་སུམ་ཚོགས་པ་འཐོབ་རྒྱུའི་མཐུན་རྐྱེན་དུ་འགྱུར་ཐུབ་པའི་ཡིད་ཆེས་ཀྱི་གཞི་རྩ་ཞིག་གསར་གཏོད་བྱ་ཆེད་རྒྱ་ནག་གཞུང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཁག་ལ་རྩ་འགལ་བྱེད་པ་དེ་དང་། རྒྱ་ཡི་མི་འབོར་གནས་སྤོ་བྱེད་པའི་སྲིད་བྱུས་དེ་མཚམས་འཇོག་བྱེད་དགོས།
གོང་གསལ་དེ་དག་ནི་ང་ཚོའི་བསམ་གཞི་རྣམས་ཡིན། བསམ་གཞི་འདི་ཐོག་ནས་མཐའ་གཉིས་སུ་མ་ལྷུང་བའི་ལངས་ཕྱོགས་ཤིག་མཚོན་པ་དེར་བོད་མི་མང་པོ་ཞིག་གི་འདོད་བློ་མ་ཁེངས་པ་ཡོང་རྒྱུ་དང་། མ་འོངས་པའི་ཟླ་ཤས་ནང་བོད་ནང་ཁུལ་དང་། བཙན་བྱོལ་དུ་ཡོད་པའི་བོད་མིའི་སྤྱི་ཚོགས་ཀྱི་ནང་དུ་གྲོས་བསྡུར་མང་པོ་ཞིག་ཡོང་རྒྱུར་ཡང་ཐེ་ཚོམ་མེད། འོན་ཀྱང་དེ་ནི་འགྱུར་ལྡོག་ཅིག་ཡོང་བའི་བྱ་རིམ་ནང་དགོས་ངེས་དང་། རྩ་འགངས་ཆེ་བའི་ཆ་ཤས་ཤིག་ཡིན། བསམ་གཞི་འདི་དག་གིས་བོད་མིའི་རྣམ་པ་ཐ་དད་ཡིན་པའི་ངོ་བོ་དང་། གཞི་རྩའི་ཐོབ་ཐང་རྣམས་སྔར་སོར་ཆུད་ཐབས་དང་། རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་ལ་ཡང་འོས་འཚམས་ཀྱི་མཐུན་འགྲིག་བྱེད་པའི་དོན་དངོས་དང་མཐུན་ཤོས་ཡིན་པའི་ ཐབས་ལམ་ཞིག་མཚོན་ཐུབ་རྒྱུའི་ཡིད་ཆེས་ཡོད།
ཡིན་ནའང་འདིར་ནན་བཤད་བྱ་རྒྱུར། རྒྱ་ནག་དང་གྲོས་མོལ་བྱས་པར་འབྲས་བུ་གང་འདྲ་ཞིག་ཡོང་མིན་ལ་མ་ལྟོས་པར་མཐའ་མའི་ཐག་གཅོད་བྱ་རྒྱུའི་དབང་ཆ་དེ་བོད་མི་དམངས་རང་ལ་ཡོད། དེར་བརྟེན་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་སྤྱི་དམངས་འོས་ཤོག་འཕེན་པའི་ནང་བོད་མི་དམངས་ཀྱི་འདོད་བློ་ངོ་མ་དེ་ཤེས་རྟོགས་ཡོང་ཆེད་གྲོས་འཆར་གང་འདྲ་ཞིག་གི་ནང་དུ་ཡང་འཆར་གཞིའི་གོ་རིམ་ཞིབ་ཕྲ་འཁོད་རྒྱུ་ཡིན།
ངས་གོ་སྐབས་འདི་དང་བསྟུན་ནས་གསལ་བསྒྲགས་བྱ་རྒྱུར། ངོས་ནས་བོད་གཞུང་གི་ནང་དུ་འགན་འཁུར་རྐང་ལེན་གྱི་ལས་གནས་གང་ཡང་འཛིན་འདོད་མེད། འོན་ཀྱང་ངོས་ནས་བོད་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ཀྱི་ཆེད་དུ་དགོས་པ་ནམ་བྱུང་བར་འབད་བརྩོན་ཡོད་རྒུ་རྩལ་སྤྲུགས་ཀྱིས་མུ་མཐུད་ལས་ཀ་བྱ་རྒྱུ་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ལའང་ངོས་ཀྱི་བསམ་གཞི་དེ་དག་རྨང་གཞིར་བཞག་ནས་གྲོས་འཆར་ཞིག་སྤྲད་ཆོག་ཡིན། བོད་གཞུང་གི་ཚབ་བྱེད་པའི་གྲོས་མོལ་ཚོགས་པ་ཞིག་ཀྱང་འདེམས་སྒྲུག་བྱས་ཟིན་ཅིང་། ང་ཚོས་ཕན་ཚུན་འདྲ་མཉམ་གྱི་ཐོག་ནས་རྩོད་རྙོག་སེལ་ཐབས་ཀྱི་དམིགས་ཡུལ་བཟུང་སྟེ་རྒྱ་མི་དང་ངོ་གཏུགས་བྱས་ནས་གྲོས་འཆར་གྱི་ནང་དོན་རྣམས་ལ་གྲོས་བསྡུར་བྱ་རྒྱུའི་གྲ་སྒྲིག་ཡོད།
ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་འཇི་མི་ཀ་ཊར་ཚུད་པའི་གྲངས་འབོར་ཇེ་མང་དུ་འགྲོ་བའི་སྲིད་གཞུང་དང་། ཆབ་སྲིད་ཀྱི་དབུ་ཁྲིད་ཚོས་ང་ཚོའི་གནས་བབ་ཐོག་ཐུགས་འཁུར་ཟབ་མོ་གནང་བ་དང་། ཉེ་ཆར་རྒྱ་ནག་ནང་བྱུང་བའི་འགྱུར་ལྡོག་དེ་དག་ལ་བརྟེན་ནས་སྔར་བས་དངོས་ཐོག་བདེན་འཚོལ་དང་། བློ་ཁ་ཡངས་པའི་འགོ་ཁྲིད་ཚན་ཁག་གསར་པ་ཞིག་ཐོན་པ་བཅས་ཀྱིས་ང་ཚོའི་བློ་སྐྱེད་འཕེལ་བྱུང་།
རྒྱ་ནག་གཞུང་དང་འགོ་ཁྲིད་ཚན་ཁག་གིས་ང་ཚོས་བཏོན་པའི་གཙོ་གནད་རེ་རེར་ནན་ཏན་གྱིས་བསམ་ཞིབ་གཏིང་ཟབ་བྱ་དགོས་པའི་རེ་སྐུལ་ནན་པོ་བྱ་རྒྱུ་ཡིན། ལག་ལེན་དུ་འགེལ་ཐུབ་ངེས་ཀྱི་རྩོད་རྙོག་སེལ་བའི་ཐབས་ལམ་འབའ་ཞིག་ནི་གྲོས་མོལ་བྱ་རྒྱུ་དང་། ལྷག་བསམ་རྣམ་པར་དག་ཅིང་ཁོག་ཡངས་དཀྱེལ་ཆེའི་ཐོག་ནས་བོད་ཀྱི་དངོས་ཡོད་གནས་ཚུལ་མཐོང་བ་བྱ་རྒྱུ་དེ་ཡིན། ང་ཚོས་མི་ཡི་རིགས་ཀྱི་ཁེ་ཕན་ཆེ་ས་ཞིག་ལ་བསམ་གཞིགས་ཀྱིས་རྒྱ་ནག་གཞུང་དང་གྲོས་བསྡུར་བྱ་རྒྱུའི་འདོད་པ་ཡོད། ང་ཚོའི་གྲོས་འཆར་གྱི་ནང་འགྲིགས་འཇགས་ཡོང་ཐབས་ཀྱི་སེམས་འཁུར་བྱས་པ་ལྟར་དུ་རྒྱ་ཕྱོགས་ནས་ཀྱང་དེ་དང་མཚུངས་པའི་སེམས་འཁུར་བྱ་རྒྱུར་ང་ཚོས་རེ་བ་བྱེད་བཞིན་ཡོད།
ངོས་ཀྱི་ཡུལ་གྱི་ཐུན་མོང་མ་ཡིན་པའི་རྒྱལ་རབས་ལོ་རྒྱུས་དང་། རབ་ཏུ་ཕྱུག་པའི་ཆོས་ཀྱི་སྲོལ་རྒྱུན་གྱིས་རྐྱེན་པས་བོད་འདི་ཨེ་ཤ་ཡའི་སྙིང་ཁམས་སུ་གནས་པའི་ཞི་བདེའི་བསྟི་གནས་ཀྱི་ལས་འགན་ལེགས་པར་བསྒྲུབ་རྒྱུ་འོས་ཤིང་འཚམས་པ་ཞིག་ཡིན།
གླིང་ཆེན་ཁྱོན་ཡོངས་ལ་ལྷིང་འཇགས་ཡོང་རྒྱུར་མཐུན་རྐྱེན་བསྐྲུན་ཐུབ་པའི་བོད་དེ་རྒྱལ་རབས་ལོ་རྒྱུས་དང་ལྡན་པའི་བར་གནས་རྒྱལ་ཁབ་ཅིག་ཡིན་པའི་གནས་སྟངས་སྔར་སོར་ཆུད་པ་ཡོང་རྒྱུ་དང་། ཨེ་ཤ་ཡའི་གླིང་ཆེན་དང་། འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་སྲུང་སྐྱོབ་ཀྱི་གནས་སྟངས་གོང་མཐོར་གཏོང་ཐུབ། མ་འོངས་པར་བོད་འདི་བཞིན་བཙན་བཟུང་བྱེད་པའི་ཡུལ་ལུང་ཞིག་དང་། བཙན་ཤུགས་ཀྱིས་གནོན་པ། ཐོན་སྐྱེད་ཀྱི་ནུས་ཤུགས་འདོན་མི་ཐུབ་པ། སྔུག་བསྔལ་གྱིས་མནར་བ་བཅས་ཀྱི་ཡུལ་ལུང་ཞིག་ཏུ་གནས་དགོས་དོན་མེད་པར་ཕྱི་སྣོད་རང་བྱུང་གི་བཀོད་པ་དང་། ནང་བཅུད་སྐྱེ་འགྲོ་ཐམས་ཅད་ཞི་མཐུན་བཏང་སྙོམས་སུ་གནས་པའི་རང་དབང་ཅན་གྱི་གནས་མཆོག་ཅིག་ཏུ་བསྒྱུར་རྒྱུ་དེ་ནི་འཛམ་གླིང་ཡོངས་ཀྱི་ས་ཁུལ་མང་པོའི་ཉེན་ཚབས་སེལ་བའི་དཔེ་མཚོན་གསར་པ་ཞིག་ཏུ་འགྱུར་ཐུབ།
རྒྱ་ནག་གི་འགོ་ཁྲིད་ཚན་ཁག་གིས་ཁོང་ཚོས་བཙན་བཟུང་བྱས་པའི་ས་སྡེ་ཁག་ཏུ་ལག་བསྟར་བྱེད་པའི་མི་སེར་སྤེལ་བྱེད་ཀྱི་རིང་ལུགས་དེ་ནི་ད་ཆ་དུས་ལས་ཡོལ་ཟིན་པ་ཞིག་ཡིན་པ་ངོས་འཛིན་ཐུབ་པ་བྱ་གལ་དང་། དོན་དམ་པའི་མཉམ་སྦྲེལ་ལམ། མཉམ་མཐུན་ནི་དྭང་བླངས་ཁོ་ནའི་ཐོག་ནས་ཡོང་ཐུབ་ཅིང་། ཕྱོགས་ཁག་ཚང་མའི་འདོད་བློ་ཁེངས་པའི་ཁེ་ཕན་ཞིག་ལ་བརྟེན་ནས་ཡོང་ཐུབ་པ་ཞིག་ཡིན། ཡོ་རོབ་དཔལ་འབྱོར་མཐུན་ཚོགས་ནི་དེ་ལྟར་ཡོང་ཐུབ་པའི་དཔེ་གཞི་གསལ་པོ་ཞིག་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན་དྲག་ཤུགས་དེ་དབང་སྒྱུར་གྱི་གཞི་རྩའི་ཐབས་ལམ་དུ་སྤྱོད་པ་དང་། ཕན་ཚུན་དབར་ཡིད་ཆེས་དང་ཁེ་ཕན་མེད་པའི་གནས་ཚུལ་བྱུང་ན་རྒྱལ་ཁབ་བམ། མི་རིགས་གཅིག་ཡིན་རུང་དུམ་བུ་གཉིས་སམ་དེ་ལས་མང་བར་གྱེས་སྲིད།
ངོས་ནས་གཏམ་བཤད་འདི་མཇུག་བསྒྲིལ་བ་དང་བསྟུན་ནས་གུས་བཀུར་འོས་པའི་ཡོ་རོབ་གྲོས་ཚོགས་ཀྱི་ཁོངས་མི་རྣམས་དང་། ཁོང་ཚོ་བརྒྱུད་ནས་མང་ཚོགས་རྣམས་ལ་ང་ཚོའི་འབད་རྩོལ་འདི་རིགས་ལ་ཁྱེད་ཚོས་རྒྱབ་སྐྱོར་ཡོང་བའི་དམིགས་བསལ་གྱི་རེ་འབོད་ཞུ་རྒྱུ་ཡིན།
ང་ཚོས་གྲོས་འཆར་གྱི་སྒྲོམ་གཞི་བཏོན་པ་གཞིར་བཟུང་བོད་ཀྱི་དཀའ་རྙོག་སེལ་རྒྱུ་དེ་ནི་བོད་རྒྱ་མི་དམངས་གཉིས་པོའི་ཐུན་མོང་གི་ཁེ་ཕན་ཙམ་དུ་མ་ཟད། དེས་མངའ་ཁུལ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་གནས་ལ་ཡང་ལེགས་སྐྱེས་འབུལ་ཐུབ། ངོས་ནས་ཁྱེད་ཚོར་བསམ་ཚུལ་ཞུ་བའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།། །།