ཞི་བདེའི་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔ།
༄༅། །འཛམ་གླིང་འདིའི་སྟེང་ཚང་མ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཇེ་ཆེར་འགྲོ་བཞིན་པར་བརྟེན། རྒྱལ་ཁབ་གཅིག་གམ། མངའ་ཁུལ། ཡང་ན་འཛམ་གླིང་ཁྱོན་ཡོངས་ལ་ཞི་བདེ་ཡུན་གནས་ཡོང་བར་ང་ཚོས་འཕྲལ་སྒང་གི་དགོས་མཁོ་ཙམ་ལ་མ་བལྟས་པར། རྒྱ་ཆེའི་ཁེ་ཕན་གཞི་རྩར་བཟུང་བའི་ཐོག་ནས་བསམ་བློ་གཏོང་དགོས་པ་ཡིན། ད་ལྟའི་དུས་སྐབས་འདི་ཉིད་གལ་འགངས་ཆེན་པོ་ཞིག་ཡིན་པས། ང་ཚོ་སྟོབས་ཤུགས་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་རང་ རང་འཁོས་དཔག་གི་ནུས་པ་རེ་འདོན་ཐབས་བྱ་རྒྱུ་ཤིན་ཏུ་འགག་རྩ་ཆེ་བའི་དོན་གནད་ཅིག་ཡིན། དེ་རིང་འདིར་ངོས་ནས་བོད་མི་དམངས་ཀྱི་འགོ་ཁྲིད་ཡིན་པ་དང་། བྱམས་དང་སྙིང་རྗེའི་རྩ་བ་ཅན་གྱི་ཆོས་ལ་དད་མོས་བྱེད་མཁན་གྱི་དགེ་སློང་ཞིག་ཡིན་པའི་ཆ་ནས་ཁྱེད་རྣམ་པར་གཏམ་བཤད་བྱེད་ཀྱི་ཡོད། གཙོ་ཆེ་ཤོས་སུ། དེ་རིང་འདིར་ཁྱེད་རྣམ་པ་དང་། སྤན་ཟླ་གཞན་ཚང་མ་དང་ལྷན་ཅིག་ཏུ་སའི་གོ་ལར་ཐུན་མོང་དུ་སྤྱོད་མཁན་འགྲོ་བ་མི་འདྲ་མཚུངས་ཤིག་ཡིན་པའི་ཆ་ནས་ཁྱེད་རྣམ་པའི་ཁྲོད་འདིར་སླེབས་ཡོད། འཛམ་གླིང་འདི་ཉིད་ཇེ་ཆུང་ཇེ་ཆུང་དུ་འགྲོ་བ་དང་ཆབས་ཅིག་ང་ཚོ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་དགོས་པ་སྔར་ལས་ཆེ་རུ་འགྲོ་བཞིན་པ་ཡིན། འདི་ནི་ངོས་རང་གང་ནས་ཡོང་སའི་གླིང་ཆེན་དེ་ཉིད་ཐེ་བས་འཛམ་གླིང་གི་ཆ་ཤས་ཚང་མར་གནས་སྟངས་གཅིག་གྱུར་ཡིན།
ད་ལྟའི་གནས་སྐབས་འདིར་ས་གནས་གཞན་དག་དང་འདྲ་བར་ཨེ་ཤ་ཡའི་གླིང་ཆེན་ནང་དུ་ཛ་དྲག་གི་ཚོར་བ་ཚད་མཐོར་སླེབས་ཡོད་པ་མ་ཟད། ཤར་དབུས་ཨེ་ཤ་ཡ་དང་། ལྷོ་ཤར་ཨེ་ཤ་ཡ། ངོས་ཀྱི་ཕ་ཡུལ་བོད་བཅས་པའི་ནང་འཐབ་རྩོད་དངོས་སུ་བྱེད་བཞིན་པ་ཡིན། འཐབ་རྩོད་འདི་དག་ནི། གཙོ་ཆེ་བ་ཁུལ་དེའི་སྟོབས་ཆེན་རྒྱལ་ཁབ་ཕན་ཚུན་དབར་ལ་མངོན་མེད་བག་ལ་ཉལ་བའི་ཛ་དྲག་གི་གནས་སྟངས་དེ་དག་གི་མཚན་མ་ཕྱིར་ཐོན་པ་ཞིག་ཡིན། དེར་བརྟེན་མངའ་ཁུལ་དེ་དག་གི་དཀའ་རྙོག་སེལ་བའི་ཆེད་ས་གནས་དེ་གའི་འབྲེལ་ཐོགས་ཡུལ་གྲུ་ཆེ་ཆུང་དང་། ཁྱོན་འབོར་ལ་མ་བལྟོས་པའི་མི་རིགས་ཚང་མའི་ཁེ་ཕན་གཞི་རྩར་བཟུང་བའི་ཐབས་ལམ་ཞིག་ལ་བརྟེན་དགོས་པ་ཡིན། གལ་ཏེ་ཐད་ཀར་འབྲེལ་བ་ཡོད་པའི་མི་དམངས་ཀྱི་བསམ་འདུན་གཞི་རྩར་བཞག་སྟེ་དཀའ་ངལ་དེ་དག་ཁྱབ་ཆེ་ས་ནས་སེལ་བའི་ཐབས་ལམ་ལ་མ་བརྟེན་པར། དེ་དག་གི་ཆ་ཤས་ཙམ་མམ། ཡང་ན་འཕྲལ་སྒང་གི་དཀའ་ངལ་སེལ་ཐུབ་ཙམ་བྱས་ཚེ། དེ་ནི་གསར་དུ་དཀའ་རྙོག་བཟོ་རྒྱུ་ཙམ་ལས་མ་འདས།
བོད་མི་ཚོས་ས་ཁུལ་ཞི་བདེ་དང་། འཛམ་གླིང་ཞི་བདེའི་དོན་དུ་མཐུན་འགྱུར་གྱི་ལེགས་སྐྱེས་འབུལ་འདོད་ཡོད་ཅིང་། དེ་ལྟར་ཐུབ་རྒྱུར་བོད་མི་ཚོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དམིགས་བསལ་ཅན་ཞིག་ཡོད་པར་ངོས་ལ་ཡིད་ཆེས་ཡོད། རྒྱུན་སྲོལ་གྱི་ཆ་ནས་བོད་མི་རྣམས་ནི་ཞི་བདེར་དགའ་ཞིང་། འཚེ་མེད་ཞི་བའི་ལམ་བཟང་ལ་གཅེས་འཛིན་བྱེད་མཁན་གྱི་མི་རིགས་ཤིག་ཡིན། མི་ལོ་སྟོང་ཕྲག་གི་གོང་བོད་དུ་ནང་ཆོས་དར་བ་ནས་བཟུང་བོད་མི་ཚོས་སེམས་ཅན་ཐམས་ཅད་ལ་འཚེ་བ་སྤོང་བའི་ལམ་ལ་འཇུག་པ་དང་། ཀུན་སློང་འདི་བཞིན་བོད་རྒྱལ་ཁབ་ཀྱིས་རྒྱལ་སྤྱིར་འབྲེལ་ལམ་བྱེད་ཕྱོགས་ལའང་ཁྱབ་ཡོད། ཨེ་ཤ་ཡའི་སྙིང་དབུས་སུ་གནས་པའི་དམག་བྱུས་གནས་བབ་ལ་ཧ་ཅང་གལ་ཆེ་བའི་བོད་འདི་ཤར་གླིང་ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་རྒྱ་དཀར་ནག་ཨུ་རུ་སུ་གསུམ་གྱི་དབུས་སུ་གནས་ཡོད་པར་བརྟེན་གླིང་ཆེན་འདིའི་བྱུང་རབས་ལོ་རྒྱུས་ཀྱི་ཐོག་མཐའ་བར་གསུམ་ནང་གླིང་འདིར་ཞི་བདེ་དང་ལྷིང་འཇགས་སྤེལ་བའི་གལ་ཆེའི་བྱེད་སྒོའི་འགན་འཁུར་ཁག་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་དེ་སྔོན་ཨེ་ཤ་ཡའི་རྒྱལ་ཁམས་ཀྱི་མངའ་བདག་གོང་མ་ཚོས་བོད་ནང་ཕན་ཚུན་སུ་ཞིག་གི་སྟོབས་ཤུགས་མ་སླེབས་པའི་ཆེད་དུ་ཕན་ཚུན་གཅིག་ལས་གཅིག་གིས་ཐབས་ཤེས་འབད་བརྩོན་རྒྱ་ཆེ་བ་བྱས་ཡོད། བོད་དེ་བར་གནས་རང་བཙན་རྒྱལ་ཁབ་ཀྱི་ངོ་བོར་གནས་པའི་རིན་ཐང་དེ་གླིང་ཆེན་འདིའི་ཞི་བདེ་ལྷིང་འཇགས་ཀྱི་དོན་གནད་དང་ཁ་འབྲལ་དུ་མི་རུང་བ་ཞིག་ཡིན།
ཕྱི་ལོ་ ༡༩༤༩།༥༠ ནང་གསར་དུ་བྱུང་བའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དུ་བཙན་འཛུལ་བྱས་སྟབས་སྔར་མེད་འཁྲུག་རྩོད་ཀྱི་རྐྱེན་རྩ་གསར་པ་ཞིག་བྱུང་ཡོད། གནས་སྟངས་འདི་དག་ཕྱི་ལོ་ ༡༩༥༩ ལོར་བོད་རྒྱལ་ཡོངས་སུ་རྒྱ་མིར་ངོ་རྒོལ་སྒེར་ལངས་བྱས་ཏེ་ངོས་རྒྱ་གར་དུ་བཙན་བྱོལ་ལ་ཡོང་རྗེས་རྒྱ་དཀར་ནག་དབར་གྱི་ཉེན་ཚབས་ཆེ་བའི་གནས་ཚུལ་དེ་ཇེ་སྡུག་ཇེ་ཞན་དུ་སོང་སྟེ་ཕྱི་ལོ་ ༡༩༦༢ ལོར་ས་མཚམས་སུ་དམག་འཁྲུག་བྱུང་བ་བཅས་ཀྱིས་གནས་སྟངས་ཇེ་གསལ་དུ་ཕྱིན་པ་དང་། དེང་སྐབས་ཧི་མ་ལ་ཡའི་ས་མཚམས་ཀྱི་ཕྱོགས་གཉིས་ཀར་དྲག་པོའི་དཔུང་དམག་ཁྱོན་ཆེ་བསྡུ་གསོག་གིས་སླར་ཡང་ཛ་དྲག་གི་ཉེན་ཚབས་ཇེ་ཆེར་གྱུར་ཡོད།
རྩོད་གཞིའི་དོན་གནད་ངོ་མ་དེ་ནི་རྒྱ་གར་དང་། བོད་ཀྱི་ས་མཚམས་རྟགས་འགོད་ཀྱི་གནད་དོན་མིན་པར། དེ་ནི་རྒྱ་ནག་གིས་བོད་ལ་ཁྲིམས་འགལ་དབང་སྒྱུར་བྱས་པ་དང་། དེས་རྐྱེན་པས་རྒྱ་གར་གྱི་ཕྱེད་གླིང་ཕྲན་ལ་ཐད་ཀར་འཛུལ་ཞུགས་བྱེད་བདེ་ཡོད་པ་བཅས་ཡིན། རྒྱ་ནག་གི་སྲིད་འཛིན་ལས་ཁུངས་ཀྱིས་བོད་དེ་སྔོན་ནས་རྒྱ་ནག་གི་ཆ་ཤས་ཡིན་ལུགས་བཤད་དེ་ཕྱི་མི་རྣམས་མགོ་བོ་རྨོངས་ཐབས་བྱས་ཡོད་ཀྱང་། དེ་ནི་དྲང་བདེན་ཞིག་མིན། བོད་དེ་ཕྱི་ལོ་ ༡༩༤༩།༥༠ ལོར་མི་དམངས་བཅིངས་འགྲོལ་དམག་གིས་བཙན་འཛུལ་བྱེད་སྐབས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན། མི་ལོ་སྟོང་ཕྲག་ཁ་ཤས་གོང་བོད་ཀྱི་བཙན་པོ་གོང་མ་ཚོས་བོད་ཀྱི་མངའ་རིས་རྣམས་རྒྱལ་ཁབ་གཅིག་ཏུ་བསྡུས་པ་ནས་བཟུང་དུས་རབས་འདིའི་དཀྱིལ་བར་ང་ཚོའི་རྒྱལ་ཁབ་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་གནས་ཡོད། སྐབས་འགར་ཁྱིམ་མཚེས་ཡུལ་གྲུ་ཁག་དང་། དེ་དག་གི་མང་ཚོགས་ཀྱི་ཁྲོད་དུ་བོད་ཀྱི་ཤུགས་རྐྱེན་ཁྱབ་ཡོད་ལ། སྐབས་འགར་བོད་རང་ཉིད་སོག་པོ་དང་། གོར་ཥ། མན་ཇུ་གོང་མ། དེ་བཞིན་རྒྱ་གར་དབྱིན་ཇིའི་གཞུང་བཅས་ཀྱི་ཤུགས་རྐྱེན་འོག་ཚུད་པའང་བྱུང་ཡོད།
སྤྱིར་རྒྱལ་ཁབ་རྣམས་ཕྱིའི་རྒྱལ་ཁབ་གཞན་གྱི་ཤུགས་རྐྱེན་དང་། ཐེ་གཏོགས་འོག་གནས་དགོས་བྱུང་བའི་གནས་ཚུལ་འདི་ནི་སྤྱིར་བཏང་ཞིག་ཡིན། འདིའི་ཐད་སྟོབས་ཆེན་རྒྱལ་ཁབ་དང་། དེའི་ཤུགས་རྐྱེན་འོག་གནས་པའི་འདབས་གནས་རྒྱལ་ཕྲན་དབར་གྱི་འབྲེལ་ལམ་ཟེར་བ་དེ་དཔེ་མཚོན་གསལ་ཤོས་ལྟ་བུ་ཡིན་ཡང་། སྤྱིར་སྟོབས་ཆེན་རྒྱལ་ཁབ་མང་ཆེ་བས་རང་ཉིད་ལས་སྟོབས་ཤུགས་ཞན་པའི་མཐུན་ཕྱོགས་དང་། ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཐོག་ཤུགས་རྐྱེན་སྤེལ་གྱི་ཡོད། བོད་ཐད་ཁུངས་ལྡན་ཁྲིམས་ལུགས་ཀྱི་དཔྱད་ཞིབ་ཡིག་ཆ་ཁག་ནང་གསལ་བ་ལྟར། བོད་ཀྱི་རྒྱལ་ཁབ་དེ་བཞིན་སྐབས་འགར་ཕྱིའི་རྒྱལ་ཁབ་གཞན་གྱི་ཤུགས་རྐྱེན་འོག་འཚུད་པ་ཙམ་གྱིས་རང་བཙན་གྱི་ཐོབ་ཐང་རྩ་བརླག་ཏུ་ཕྱིན་མེད་པ་གསལ་པོར་བསྟན་ཡོད། དེ་འབྲེལ་དམར་དམག་བོད་དུ་བཙན་འཛུལ་བྱེད་པའི་སྐབས་དེར་བོད་དེ་གནས་སྟངས་གང་ཅིའི་ཆ་ནས་རང་བཙན་གཙང་མ་ཡིན་པར་ཐེ་ཚོམ་མི་དགོས་པ་ཞིག་རེད།
རྒྱ་ནག་གིས་བོད་སར་བཙན་འཛུལ་བྱས་པ་དེ་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡོངས་སུ་འགལ་བ་མ་ཟད། བྱ་སྤྱོད་དེ་ལ་དོན་དམ་དུ་འཛམ་གླིང་རང་དབང་གི་རྒྱལ་ཁབ་ཚང་མས་རྒོལ་གླེང་བཏང་ཡོད། འཛམ་གླིང་རྒྱལ་ཁབ་རྣམས་ཀྱིས་དྲན་དགོས་པ་ཞིག་ནི་བོད་འདི་རྒྱ་མིའི་དྲག་པོའི་བཙན་བཟུང་འོག་གནས་མུས་ལ་སོང་གནས་སྐབས་རིང་བོད་མི་ཚོའི་རང་དབང་གི་གོ་སྐབས་ཤོར་ཡོད་ན་ཡང་། འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་བྱས་ན་བོད་དེ་ཁྲིམས་འགལ་གྱི་བཙན་བཟུང་འོག་གནས་ཡོད་སྟབས། ད་ལྟ་ཡང་རྒྱལ་ཁབ་རང་བཙན་གྱི་ངོ་བོ་མ་བརླགས་པར་རང་སོར་གནས་ཡོད། གཞན་གྱི་ཁྲིམས་ལུགས་སམ། ཆབ་སྲིད་ཀྱི་ངོ་བོའི་ཆ་ནས་བོད་ཀྱི་གནས་བབ་ཐད་ལ་འདིར་གླེང་སློང་བྱ་རྒྱུ་སྐབས་འདིའི་ངོས་ཀྱི་དམིགས་ཡུལ་མིན་ན་ཡང་། ང་ཚོ་བོད་པ་རྣམས་ནི་རང་གི་ཆོས་དང་རིག་གཞུང་། སྐད་ཡིག རྒྱལ་རབས་ལོ་རྒྱུས་སོགས་གང་གི་ཆ་ནས་ཀྱང་ཐུན་མོང་མ་ཡིན་པའི་ཐ་དད་ཀྱི་རྣམ་པ་གསལ་པོ་ཡོད་པའི་མི་རིགས་ཤིག་ཡིན་པའི་བསྙོན་མེད་ཀྱི་དངོས་ཡོད་གནས་སྟངས་ཤིག་ཡོད་པར་བརྟེན་ངོས་ནས་གནད་དོན་དེ་དག་སྐོར་ལ་དམིགས་བཀར་ནན་བརྗོད་བྱ་འདུན་བྱུང་། རྒྱ་ནག་གིས་བོད་འདི་བཙན་བཟུང་བྱས་མེད་ཚེ་དུས་ད་ལྟ་ཡང་བར་གནས་རྒྱལ་ཁབ་ཀྱི་ངོ་བོའི་ཆ་ནས་ཨེ་ཤ་ཡའི་གླིང་ཆེན་ནང་ཞི་བདེར་སྐུལ་མ་བྱེད་པ་དང་ཞི་བདེ་ཡུན་གནས་ཡོང་ཐབས་བྱེད་པའི་རང་བཞིན་གྱི་འགན་འཁྲི་སྔར་བཞིན་ལེགས་སྒྲུབ་ཐུབ་པ་ཡོང་གི་རེད།
ངོས་དང་། བོད་མི་དམངས་ཡོངས་རྫོགས་ཀྱི་བཅོས་མིན་རེ་འདུན་ནི་དབུས་གཙང་དང་། ཁམས། ཨ་མདོ་བཅས་ཆོལ་ཁ་གསུམ་ལས་གྲུབ་པའི་བོད་རྒྱལ་ཁབ་ཡོངས་རྫོགས་སླར་ཡང་ཞི་བདེ་བག་ཕེབས་ཀྱི་ས་གནས་ཤིག་ཏུ་བསྒྱུར་ཏེ་སྔར་གྱི་རིན་ཐང་བྲལ་བའི་བྱེད་སྒོའི་འགན་འཁྲི་དེ་བསྐྱར་གསོ་ཐུབ་ཐབས་བྱ་རྒྱུ་དེ་ཡིན། ནང་པའི་ཆོས་ཀྱི་སྲོལ་རྒྱུན་བཟང་པོ་གཞི་རྩར་བཟུང་སྟེ་འཛམ་གླིང་གི་ཞི་བདེ་དང་། འགྲོ་བ་མིའི་བདེ་སྐྱིད། ང་ཚོ་ཚང་མས་ཐུན་མོང་དུ་སྤྱོད་པའི་ཁོར་ཡུག་བདེ་ལེགས་སུ་སྤེལ་བའི་ལས་འགུལ་བྱེད་མཁན་ཚང་མར་བོད་ཀྱིས་མཐུན་འགྱུར་ཞབས་འདེགས་སྒྲུབ་ཐུབ་ཀྱི་རེད།
ང་ཚོའི་མི་དམངས་རྣམས་འདས་པའི་ལོ་བཅུ་ཕྲག་འགའ་ཤས་རིང་གཞན་གྱི་བཙན་བཟུང་འོག་རྐྱེན་ངན་གོད་ཆག་ཚབས་ཆེ་འབྱུང་བཞིན་པ་ཡིན་ནའང་། ངོས་ནས་བར་ལམ་རྒྱ་མི་དང་ཐད་ཀའི་འབྲེལ་ལམ་འོག་ལྷག་བསམ་རྣམ་དག་གི་ལམ་ནས་ཕན་ཚུན་གོ་བསྡུར་གྱིས་དཀའ་རྙོག་རྣམས་སེལ་བའི་ཐབས་ཤེས་རྒྱུན་བསྟུད་བྱས་ཤིང་། རྒྱ་ནག་གི་འགོ་ཁྲིད་ཚན་ཁག་ལ་འཕོ་འགྱུར་བྱུང་བ་དང་བསྟུན་ནས་པེ་ཅིང་སྲིད་གཞུང་དང་ཐད་ཀར་འབྲེལ་ལམ་བཙུགས་ཏེ་ཕྱི་ལོ་ ༡༩༨༢ ལོར་ངོས་ཀྱི་སྐུ་ཚབ་ཚོགས་པ་ཞིག་པེ་ཅིང་དུ་བཏང་ནས་ངོས་ཀྱི་ཡུལ་དང་། མི་དམངས་ཀྱི་མ་འོངས་པའི་དོན་གནད་སྐོར་ལ་གྲོས་མོལ་འགོ་འཛུགས་བྱས་པ་ཡིན།
ང་ཚོས་ལྷག་བསམ་རྣམ་དག་དང་། ཞི་མཐུན་ཡོང་ཐབས་ཀྱི་ཀུན་སློང་ཞིག་ཁྱེར་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་ཤིང་འཚམ་པའི་དགོས་མཁོ་རྣམས་ལའང་བསམ་ཞིབ་བྱ་རྒྱུའི་འདུན་པ་དང་བཅས་ཞི་མོལ་ནང་ཞུགས་པ་ཡིན། ངོས་ཀྱི་རེ་བར་རྒྱ་ཕྱོགས་ནས་ཀྱང་དེ་བསྟུན་ལན་ཆ་ཞིག་ཡོང་རྒྱུ་དང་མཐའ་དོན་ཕན་ཚུན་གཉིས་ཀའི་རེ་འདོད་སྐོང་ཐུབ་པ་དང་། ཁེ་ཕན་ལ་སྲུང་སྐྱོབ་ཡོང་བའི་དཀའ་སེལ་ཐབས་ལམ་ཞིག་རྙེད་རེ་བྱུང་ཡང་། སྟབས་མ་ལེགས་པ་ཞིག་ལ། ང་ཚོས་ཐབས་ཤེས་གང་བྱས་པ་རྣམས་ལ་རྒྱ་ཕྱོགས་ནས་རྒྱུན་བསྟུད་རང་སྐྱོན་འགེབས་སྲུང་གི་རྣམ་པ་ཁོ་ནས་ལན་འདེབས་བྱས་ཏེ། རྡོ་དོན་ང་ཚོས་བོད་ཀྱི་དངོས་འབྲེལ་དཀའ་ངལ་ཞིབ་ཆ་བཤད་པ་རྣམས་ཁོང་ཚོར་སྐྱོན་བརྗོད་ཁོ་ནའི་ཆེད་དུ་དམིགས་པ་ལྟ་བུར་ངོས་འཛིན་བྱས་ཡོད།
ལྷག་པར་བློ་ཕམ་སྐྱེ་འོས་པ་ཞིག་ལ། རྒྱ་ནག་གཞུང་ནས་ཕན་ཚུན་དོན་དམ་གྱི་གྲོས་མོལ་བྱ་རྒྱུའི་གོ་སྐབས་བཟང་པོ་དེ་བེད་སྤྱོད་ཕྱིན་ཅི་ལོག་ཏུ་བཏང་ཡོད། བོད་མི་ས་ཡ་དྲུག་གི་དངོས་ཡོད་དཀའ་གནད་སྐོར་མ་གླེང་བར་དེ་ལས་ལྡོག་སྟེ་ངོས་སྒེར་གྱི་གོ་བབ་སྐོར་ལ་གྲོས་བསྡུར་བྱེད་པའི་ཚད་གཞིར་འབེབས་ཐབས་བྱེད་ཀྱི་ཡོད་པ་རེད།
གཞི་རྩའི་གནས་སྟངས་ཀྱི་རྨང་གཞི་དེ་འདྲ་ཞིག་ཡིན་བཞིན་པའི་ཐོག་ལ། ད་རེས་ངོས་འདི་གར་འབྱོར་སྐབས་ངོ་མཇལ་བྱུང་བ་ཁྱེད་རྣམ་པ་དང་། གཞན་ཡང་མི་སྣ་མང་པོའི་ཤུགས་ཆེའི་རྒྱབ་སྐྱོར་དང་། སེམས་སྐུལ་རྒྱ་ཆེ་ཐོབ་བྱུང་བར་བརྟེན་ངོས་ནས་དེ་རིང་དོན་གནད་གཙོ་བོ་རྣམས་གསལ་བཤད་དང་སྦྲགས་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་འགྲིགས་འཇགས་ཡོང་རྒྱུའི་བསམ་པ་བཅངས་ཏེ་ཡུན་གནས་ཕུགས་འཕེར་གྱི་ཐབས་ལམ་ཞིག་ཐོན་ཐབས་སུ་གོམ་བགྲོད་དང་པོ་དེ་རྒྱག་རྒྱུའི་བློ་འདོད་ཡོད། གོམ་བགྲོད་འདིས་མ་འོངས་པར་རྒྱ་ནག་མི་དམངས་ཐེ་བའི་ཁྱིམ་མཚེས་རྒྱལ་ཁབ་ཚང་མ་དང་མཉམ་དུ་ཕན་ཚུན་མཛའ་མཐུན་དང་། མཐུན་འགྱུར་རོགས་རེས་ཀྱི་འབྲེལ་ལམ་བཟང་པོ་ཞིག་ཡོང་རྒྱུའི་ཕན་གྲོགས་སུ་འགྲོ་ཐུབ་པའི་རེ་འདུན་ཡོད།
ཞི་བདེའི་སྔོན་འགྲོའི་གྲོས་འཆར་འདིར་གཞི་རྩའི་དོན་ཚན་ལྔ་ཡོད་པ་ནི།
༡་ བོད་ས་ཡོངས་རྫོགས་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ།
༢་ རྒྱ་མི་འབོར་ཆེན་བོད་ནང་གནས་སྤོ་བྱེད་པའི་རྒྱ་ནག་གི་སྲིད་བྱུས་དེས་རྐྱེན་པས་བོད་མིའི་ངོ་བོ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་དེ་དག་མཚམས་འཇོག་དགོས་རྒྱུ།
༣་ བོད་མི་དམངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོའི་རང་དབང་རྣམས་ལ་བརྩི་བཀུར་དགོས་རྒྱུ།
༤་ བོད་ཀྱི་རང་བཞིན་འབྱུང་ཁམས་ཀྱི་ཁོར་ཡུག་བཟང་པོའི་གནས་སྟངས་སྔར་སོར་ཆུད་ཐབས་དང་། སྲུང་སྐྱོབ་བྱ་དགོས་པའི་ཐོག་བོད་ནང་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་བྱེད་པ་དང་། རྡུལ་ཕྲན་གྱི་སྙིགས་རོ་རྣམས་ཕུང་གསོག་བྱེད་འཆར་བཅས་མཚམས་འཇོག་དགོས་རྒྱུ།
༥་ བོད་ཀྱི་མ་འོངས་པའི་གནས་བབ་དང་། བོད་དང་རྒྱ་ནག་དབར་གྱི་འབྲེལ་བའི་སྐོར་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་གྲོས་མོལ་འགོ་འཛུགས་དགོས་རྒྱུ།
གོང་གསལ་དོན་ཚན་ལྔའི་འགྲེལ་བཤད་གཤམ་གསལ།
༡་ ཨ་ཧིམ་ས་ ཞེས་འབོད་པའི་ཞི་བདེ་དང་། འཚེ་བ་སྤངས་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་རྒྱུ།
དེ་འདྲའི་ཞི་བདེའི་བསྟི་གནས་ཤིག་བཟོ་ཐབས་བྱེད་རྒྱུ་ནང་པ་སངས་རྒྱས་པའི་ཞི་བདེའི་རྒྱལ་ཁབ་ཀྱི་རྒྱུན་སྲོལ་ལོ་རྒྱུས་དང་མཐུན་པ་ཞིག་ཡིན་པ་མ་ཟད། གླིང་ཆེན་འདིའི་སྟོབས་ཆེན་རྒྱལ་ཁབ་ཁག་གི་དབུས་སུ་བར་གནས་རྒྱལ་ཁབ་ཅིག་ཏུ་གནས་ཐབས་བྱ་རྒྱུ་དང་། གོང་གསལ་འཆར་དོན་འདི་ནི་བལ་ཡུལ་རྒྱལ་ཁབ་ཀྱང་ཞི་བདེའི་བསྟི་གནས་ཤིག་ཏུ་བསྒྱུར་ཐབས་དང་། གྲོས་འཆར་དེ་ལ་རྒྱ་ནག་གཞུང་ནས་ཡོངས་གྲགས་རྒྱབ་སྐྱོར་བྱས་ཡོད་པའི་དོན་གནད་དང་མཐུན་ཞིང་། བལ་ཡུལ་གྱིས་དགོས་འདུན་བཏོན་པའི་ཞི་བདེའི་བསྟི་གནས་དེའི་ཁོངས་བོད་དང་ཉེ་འཁོར་ས་ཁུལ་ཁག་འཚུད་ཐུབ་པ་བྱུང་ན་ནུས་པ་དེ་བས་ཆེ་བ་ཡོང་རྒྱུ།
བོད་འདི་ཞི་བདེའི་བསྟི་གནས་ཤིག་ཏུ་སྒྱུར་ཐབས་སུ་རྒྱ་དམག་དང་། དམག་གི་རྟེན་གཞི་རྣམས་ཕྱིར་འཐེན་བྱ་དགོས་ཤིང་། དེ་ལྟར་བྱུང་ན་རྒྱ་གར་ནས་ཀྱང་བོད་ཀྱི་ས་འབྲེལ་ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་དམག་མི་དང་དམག་གི་རྟེན་གཞི་རྣམས་ཕྱིར་འཐེན་བྱེད་ཐུབ་པ་ཡོང་རྒྱུ། དེ་ལྟར་ཡོང་ཐབས་སུ་རྒྱལ་སྤྱིའི་གྲོས་མཐུན་ཞིག་ལ་བརྟེན་ནས་ལག་ལེན་བསྟར་དགོས་པ་དང་། དེའི་ཐོག་ནས་རྒྱ་ནག་གི་འོས་ཤིང་འཚམས་པའི་དགོས་མཁོ་རྣམས་རེ་བ་སྐོང་ཐུབ་པ་དང་། དེ་འབྲེལ་བོད་མི་དང་། རྒྱ་མི། རྒྱ་གར་བ་བཅས་ཀྱིས་གཙོས་ས་ཁུལ་འདིའི་ཆ་ཤས་གཞན་དག་གི་མི་དམངས་རྣམས་ཕན་ཚུན་ནང་ཁུལ་ཡིད་ཆེས་སྐྱེ་ཐུབ་པ་ཡོང་རྒྱུ། བྱེད་ཐབས་འདི་ཐོག་ནས་གཙོ་བོར་རྒྱ་དཀར་ནག་གཉིས་ཀྱིས་དབུས་འབྲེལ་ཡོད་ཚང་མར་ཁེ་ཕན་ཡོད། གང་ཡིན་ཞེ་ན། དེས་ཡུལ་གཉིས་ཀྱི་སྲུང་སྐྱོབ་སྲ་བརྟན་བཟོ་བ་དང་ཆབས་ཅིག་རྩོད་རྙོག་ཅན་གྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་མཚམས་ཁག་ཏུ་དམག་མི་འབོར་ཆེན་སྡེབས་གསོག་བྱེད་དགོས་པའི་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་གཏོང་ཐུབ་རྒྱུ།
རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་དཀར་ནག་གཉིས་འབྲེལ་ལམ་བཟང་པོ་ཡུན་གནས་བྱུང་ཡོད་ཀྱང་། བོད་ཡུལ་རྒྱ་མིས་བཙན་བཟུང་བྱས་རྗེས་རྒྱ་དཀར་ནག་དབར་ཐུན་མོང་གི་ས་འབྲེལ་བྱུང་བ་ནས་བཟུང་རྒྱལ་ཁབ་གཉིས་དབར་ལ་ཛ་དྲག་ཆེ་བའི་གནས་ཚུལ་ཇེ་ཆེར་སོང་སྟེ་མཐའ་མ་ཕྱི་ལོ་ ༡༩༦༢ ལོར་དམག་འཐབ་བྱུང་ཞིང་། དུས་དེ་ནས་བཟུང་ཉེན་ཚབས་ཆེ་བའི་དོན་རྐྱེན་མང་པོ་ཞིག་རྒྱུན་མཐུད་བྱུང་ཡོད། དེ་སྔའི་ཆེས་རིང་བའི་རྒྱལ་རབས་ལོ་རྒྱུས་ཀྱི་གནས་སྟངས་ལྟར་གལ་ཏེ་མི་འབོར་ཆེ་ཤོས་ཡོད་པའི་རྒྱལ་ཁབ་གཉིས་ཀྱི་དབར་ལ་མཛའ་མཐུན་ཅན་གྱི་བར་གནས་རྒྱལ་ཁབ་ཅིག་ཡོད་ན་ཕྱོགས་གཉིས་ཀར་ཕན་ཐོགས་རྒྱ་ཆེ་ཡོང་རྒྱུ།
བོད་མི་དང་། རྒྱ་མིའི་དབར་ལ་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་སུ་ཐོག་མར་ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་རྙེད་ཐུབ་པ་ཞིག་བཟོ་དགོས། བོད་མི་ཚོ་རང་གི་ཆོས་ལ་དད་མོས་དང་། རང་དབང་ལ་དགའ་ཞེན་ཆེ་བའི་ཉེར་ལེན་ལ་བརྟེན་ནས་བོད་མིའི་རྩ་འབོར་གྱི་དྲུག་ཆ་གཅིག་སྟེ། མི་གྲངས་ས་ཡ་བརྒལ་བར་འཆི་སྐྱོན་བྱུང་བ་དང་། ཕྱོགས་མཚུངས་བོད་མི་མང་པོ་བཙོན་ཁང་ཁག་ནང་སྡུག་སྦྱོང་མྱོང་དགོས་བྱུང་བར་བརྟེན་བོད་ནས་རྒྱ་དམག་ཕྱིར་འཐེན་བྱེད་པ་ཁོ་ནའི་ལམ་ནས་དོན་དམ་དུ་ཞི་འགྲིག་གི་ལས་དོན་འགོ་འཛུགས་ཐུབ་པ་ཡོང་ངེས་ཡིན། བོད་ནང་བཙན་བཟུང་བྱེད་པོ་དྲག་དཔུང་འབོར་ཆེན་བཞག་པ་དེས་ཉིན་ལྟར་བོད་མི་ཚོར་དེ་སྔ་བཙན་གནོན་དང་། སྡུག་སྦྱོང་མྱངས་པ་རྣམས་དྲན་གསོ་སློང་གི་ཡོད། དྲག་དཔུང་ཕྱིར་འཐེན་བྱས་ན་དེས་འབྱུང་འགྱུར་རྒྱ་མི་དང་མཉམ་དུ་ཡིད་ཆེས་དང་གྲོགས་པོའི་འདུ་ཤེས་གཞི་རྩར་བཞག་པའི་དོན་ལྡན་གྱི་འབྲེལ་བ་བཟང་པོ་ཞིག་བཟོ་རྒྱུའི་གལ་ཆེའི་སྔོན་བརྡ་ཞིག་ཏུ་འགྱུར་རྒྱུ་ཡིན།
༢་ པེ་ཅིང་གཞུང་ནས་བོད་ཀྱི་དཀའ་རྙོག་སེལ་བའི་མཐའ་མའི་ཐབས་ལམ་ལྟ་བུར་རྒྱ་མི་ཁྱོན་ཆེ་བོད་དུ་བཏང་སྟེ་ཡུལ་གྱི་བདག་པོ་བོད་མི་རྣམས་ཐོབ་ཐང་བྲལ་བའི་མངོན་མེད་གྲངས་ཉུང་མི་རིགས་ཤིག་ཏུ་སྒྱུར་ཐབས་བྱེད་བཞིན་པ་དེ་དག་མཚམས་འཇོག་བྱེད་དགོས།
བོད་དུ་རྒྱ་མིའི་མི་སེར་འབོར་ཆེན་གནས་སྤོས་བྱེད་མུས་འདི་བཞིན་ཕྱི་ལོ་ ༡༩༤༩ ལོའི་འཇི་ནི་ཝའི་གྲོས་མཐུན་ཐེངས་བཞི་པའི་འབྲུ་དོན་དང་ཡོངས་སུ་རྩ་འགལ་དུ་གྱུར་པ་ཞིག་ཡིན་པ་མ་ཟད། བོད་མི་རྣམས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་མི་རིགས་ཐ་དད་དུ་གནས་པ་དེ་རྩ་བརླག་ཏུ་འགྲོ་ཉེན་ཡོད། ང་ཚོའི་རྒྱལ་ཁབ་ཀྱི་ཤར་ཕྱོགས་ས་ཁུལ་ནང་བོད་མི་ལས་རྒྱ་མི་ཧ་ཅང་གིས་མང་བ་ཡོད་ཅིང་། དཔེར་ན། ངོས་སྐྱེས་ཡུལ་ཨ་མདོར་མཚོན་ན། རྒྱ་ནག་རང་ཉིད་ནས་བཏོན་པའི་མི་འབོར་སྡོམ་ཐོའི་ནང་རྒྱ་མི་ས་ཡ་གཉིས་དང་ཕྱེད་ཀ་དང་། བོད་མི་བདུན་འབུམ་ལྔ་ཁྲི་ཙམ་ལས་མེད་ལུགས་བཤད་ཡོད། རྒྱ་ནག་གཞུང་གིས་སྤེལ་བའི་གནས་ཚུལ་ཁག་ནང་བོད་དབུས་དང་། ལྷོ་ཁུལ་ས་གནས་ཁག་གཏོགས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁྱོན་གྱི་ནང་དུའང་བོད་མིའི་མི་འབོར་ལས་རྒྱ་མིའི་མི་འབོར་མང་བ་ཡོད་པ་ཁས་ལེན་བྱས་ཡོད།
རྒྱ་མི་འབོར་ཆེན་བོད་ནང་གནས་སྤོ་བྱེད་པ་དེ་རྒྱ་ནག་གི་སྲིད་བྱུས་གསར་པ་གང་ཡང་མིན། སྲིད་བྱུས་འདི་བཞིན་དེ་སྔ་ས་གནས་གཞན་དག་ཏུ་གོ་རིམ་ལྡན་པའི་འཆར་གཞིའི་ཐོག་ནས་ལག་ལེན་བསྟར་ཡོད། དུས་རབས་འདིའི་འགོ་སྟོད་དུ་མན་ཇུ་བ་རྣམས་ལ་རང་གི་རིག་གཞུང་དང་། གོམས་གཤིས་ཐུན་མོང་མ་ཡིན་པ་ཡོད་པའི་མི་རིགས་ཁེ་གཙང་ཞིག་ཡིན་ཡང་། དེང་སྐབས་མན་ཇུ་རི་ཡའི་ནང་མན་ཇུ་མི་རིགས་ས་ཡ་གཉིས་གསུམ་ཞིག་མ་གཏོགས་ལྷག་མེད་ཁར། ཁུལ་དེར་རྒྱ་མི་ས་ཡ་བདུན་ཅུ་དོན་ལྔ་ལས་བརྒལ་བ་གཞིས་ཆགས་བྱས་ཟིན་ཡོད། དེང་སྐབས་རྒྱ་མིས་ཤིང་ཅང་དུ་འབོད་པའི་ཤར་ཏུར་ཀི་སི་ཐན་ལ་ཆ་བཞག་ན། ཕྱི་ལོ་ ༡༩༤༩ ལོར་རྒྱ་མིའི་མི་འབོར་འབུམ་གཉིས་ལས་མེད་ཀྱང་། ད་ཆ་ས་ཡ་བདུན་བར་འཕར་ཏེ། ཁྱོན་བསྡོམས་མི་འབོར་ས་ཡ་བཅུ་གསུམ་ཙམ་ཡོད་པ་དེའི་ཕྱེད་ཀ་ལྷག་ཙམ་རྒྱ་མི་ཡིན། དེ་བཞིན་རྒྱ་ནག་གིས་ནང་སོག་དབང་བསྒྱུར་གྱིས་མི་སེར་སྤེལ་ཡུལ་དུ་བསྒྱུར་པར་བརྟེན། ནང་སོག་ནང་རྒྱ་མི་ས་ཡ་བརྒྱད་དང་ཕྱེད་ཀ་དང་། སོག་པོ་ས་ཡ་གཉིས་དང་ཕྱེད་ཀ་ལས་མེད།
དེང་སྐབས་བོད་ཡུལ་ཁྱོན་ཡོངས་ལ་རྒྱ་མི་གཞིས་ཆགས་པ་ས་ཡ་བདུན་དང་ཕྱེད་ཀ་ཙམ་ཟིན་ཏེ། བོད་ཀྱི་མི་འབོར་ས་ཡ་དྲུག་ལས་རྒྱ་མི་མང་བ་ཆགས་ཡོད། རྒྱ་མིས་དེང་སྐབས་བོད་རང་སྐྱོང་ལྗོངས་ཞེས་ཟེར་བའི་བོད་ཡུལ་དབུས་དང་ནུབ་ཕྱོགས་སུ་བོད་མི་ས་ཡ་གཅིག་དང་འབུམ་དགུ་ཡོད་པ་ལྟར་ཁུལ་དེའི་བོད་མིའི་མི་འབོར་དེ་ཡང་གྲངས་ཉུང་མི་རིགས་ཤིག་ཏུ་བསྒྱུར་ཟིན་པར་རྒྱ་ནག་རང་གིས་ངོས་ལེན་བྱས་ཡོད། བོད་ནང་རོབ་རྩིས་ལྟར་བྱས་ན། རྒྱ་མིའི་དཔུང་དམག་འབུམ་གསུམ་ནས་ལྔ་བར་ཡོད་པ་རྣམས་ཚུད་མེད། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་མིའི་དཔུང་དམག་གྲངས་འབོར་ཉིས་འབུམ་ལྔ་ཁྲི་ཙམ་ཡོད།
བོད་མི་རྣམས་མི་སྡེའི་སྤྱི་ཚོགས་ཤིག་ཏུ་འཚོ་གནས་ཐུབ་ཐབས་སུ་རྒྱ་མི་འབོར་ཆེན་གནས་སྤོ་བྱེད་པའི་ལས་འགུལ་དེ་དག་མཚམས་འཇོག་བྱེད་དགོས་ཐོག ད་ཡོད་བོད་ནང་འབྱོར་ཟིན་པའི་རྒྱ་མི་གཞིས་ཆགས་པ་རྣམས་རྒྱ་ནག་ཏུ་ཕྱིར་ལོག་བྱ་དགོས་པ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན། དེ་མིན་རིང་པོར་མི་ཐོགས་པར་བོད་མི་རྣམས་ཕྱི་རྒྱལ་ལྟ་སྐོར་བས་ལྟད་མོ་བལྟ་ཡུལ་ཙམ་དང་། སྔ་རབས་བཟང་པོའི་རྗེས་ཤུལ་ཙམ་དུ་འགྱུར་རྒྱུར་གདོན་མི་ཟ་བ་ཡིན།
༣་ བོད་ནང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་། དམངས་གཙོའི་རང་དབང་ལ་བརྩི་བཀུར་ངེས་པར་དུ་བྱེད་དགོས་པ་ཡིན། བོད་མི་རྣམས་སླར་ཡང་ཆོས་དང་། རིག་གཞུང་། བསམ་བློ། ཤེས་ཡོན། དཔལ་འབྱོར་དང་བཅས་པ་རང་དབང་གི་སྒོ་ནས་ཡར་རྒྱས་གོང་མཐོར་གཏོང་བ་དང་། གཞི་རྩའི་དམངས་གཙོའི་རང་དབང་ལའང་ལོངས་སུ་སྤྱོད་ཆོག་པ་ཞིག་དགོས་པ་ཡིན།
བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་འདི་དེང་སྐབས་འཛམ་གླིང་ཡོངས་སུ་འགལ་འཛོལ་ཆེ་ཤོས་ཀྱི་གྲས་སུ་བརྩི་གི་ཡོད་པ་དང་། མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ འོག་རྒྱ་མིས་ ཐ་དད་ཡིན་ལ་གཅིག་གྱུར་ཡང་ཡིན་ ཞེས་མིང་འདོགས་བྱས་ཏེ་མི་རིགས་བར་ལ་ཁེ་དབང་དང་ཐོབ་ཐང་དབྱེ་མཚམས་ཀྱི་ཁྱད་པར་བཟོ་བཞིན་དུ་ཡོད་ཅིང་། མདོར་ན་ཡུལ་གྱི་བདག་པོ་བོད་མི་རྣམས་བོད་ནང་ཡུལ་མི་རིམ་པ་གཉིས་པ་ལྟ་བུར་གྱུར་ཡོད། བོད་ནང་གཞི་རྩའི་དམངས་གཙོའི་ཐོབ་ཐང་གི་རང་དབང་ཡོངས་སུ་ཕྲོགས་ཏེ། བོད་མི་རྣམས་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་སྟངས་འཛིན་དང་། དོན་དམ་གྱི་དབང་ཆ་ཡོངས་རྫོགས་གུང་ཁྲན་ཏང་གི་ཚོགས་པ་དང་། རྒྱ་ནག་གི་དྲག་པོའི་དཔོན་རིགས་ཁག་གིས་འཛིན་བཞིན་པ་ཡིན། རྒྱ་ནག་གཞུང་ནས་བོད་ནང་དགོན་སྡེ་རེ་ཟུང་ཉམས་གསོ་དང་། ཆོས་བྱེད་ཀྱི་རང་དབང་ཕྲན་བུ་སྤྲད་ཡོད་ཀྱང་། དོན་དམ་ཆོས་ཀྱི་སློབ་གཉེར་དང་འཆད་ཉན་བྱ་རྒྱུར་ད་དུང་བཀག་འགོག་བྱེད་བཞིན་དུ་ཡོད། གུང་ཁྲན་ཏང་གིས་ཆོག་མཆན་སྤྲད་པའི་མི་ཉུང་ཤས་ཤིག་མ་གཏོགས་དགོན་པའི་ནང་ཆོས་ཞུགས་བྱེད་དུ་འཇུག་གི་མེད།
ངོས་ནས་ཕྱི་ལོ་ ༡༩༦༣ ལོར་ངོ་སྤྲོད་ཁྱབ་བསྒྲགས་བྱས་པའི་དམངས་གཙོའི་རྩ་ཁྲིམས་ཀྱི་ཐོབ་ཐང་འོག་བོད་མི་བཙན་བྱོལ་བ་རྣམས་ནས་དམངས་གཙོའི་ཁེ་དབང་ལ་ལོངས་སུ་སྤྱོད་བཞིན་དུ་ཡོད་ཀྱང་། བོད་ནང་ང་ཚོའི་ཆབ་འབངས་སྟོང་ཕྲག་མང་པོར་ཆོས་ལུགས་དང་། ཆབ་སྲིད་ཀྱི་ཉེས་མིང་སྣ་ཚོགས་བཏགས་ནས་ངལ་རྩོལ་གྱི་བཙོན་ར་ཁག་ནང་སྡུག་བསྔལ་མནར་གཅོད་མྱོང་བཞིན་དུ་ཡོད།
༤་ བོད་ཀྱི་རང་བྱུང་ཁོར་ཡུག་གི་གནས་སྟངས་སྔར་སོར་ཆུད་ཐབས་སུ་དོན་དམ་གྱི་འབད་རྩོལ་བྱ་དགོས་པ་དང་། བོད་ནང་རྡུལ་ཕྲན་མཚོན་ཆ་ཐོན་སྐྱེད་བཟོ་སྐྲུན་བྱ་ཡུལ་དང་། རྡུལ་ཕྲན་མཚོན་ཆའི་སྙིགས་རོ་ཕུང་གསོག་བྱེད་འཆར་ཡོད་བཞིན་པ་མཚམས་འཇོག་དགོས་པ་ཡིན།
བོད་མི་ཚོས་སྲོག་ཆགས་སེམས་ཅན་ཀུན་ལ་བརྩི་མཐོང་བྱེད་པ་དང་། མིའམ། དུད་འགྲོ་དབྱེ་བ་མེད་པར་འགྲོ་བ་སེམས་ཅན་མཐའ་དག་ལ་གནོད་ཅིང་འཚེ་བ་སྤོང་བའི་མ་བཅོས་རང་གཤིས་སུ་ཡོད་པའི་བག་ཆགས་དེ་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་ལས་བྱུང་བ་ཞིག་ཡིན། རྒྱ་མིས་བོད་ལ་བཙན་འཛུལ་མ་བྱས་གོང་། བོད་འདི་ཁྱད་ཆོས་ཐུན་མོང་མ་ཡིན་པའི་རང་བཞིན་མཛེས་ཆོས་ལྡན་པའི་ཁོར་ཡུག་གིས་སྐོར་ཞིང་། ཉེས་སྐྱོན་བྲལ་བའི་དབེན་པའི་བསྟི་གནས་ཤིག་ཡིན་ཀྱང་། ཤིན་ཏུ་བློ་ཕམ་བྱེད་འོས་པ་ཞིག་ལ། རྒྱ་མིས་འདས་པའི་མི་ལོ་བཅུ་ཕྲག་འགའ་ཤས་རིང་བོད་ཀྱི་རི་རྒོད་ནགས་ཚལ་ཁག་དང་། གནས་ཤིང་རྒྱུ་བའི་རི་དྭགས་གཅན་གཟན་རྣམས་ཧ་ལམ་རྩ་མེད་བཟོས་ཡོད། དེར་བརྟེན་ཧ་ཅང་ཚོར་སྐྱེན་མྱུར་བའི་བོད་ཀྱི་ཁོར་ཡུག་ལ་ཚབས་ཆེའི་གནོད་སྐྱོན་བྱུང་ཡོད་ཅིང་། ད་ཆ་ཁོར་ཡུག་གི་ཤུལ་ལྷག་ཅུང་ཟད་ལུས་པ་དེ་དག་ལ་ངེས་པར་དུ་སྲུང་སྐྱོབ་དང་། རང་བྱུང་ཁམས་ཀྱི་ཁོར་ཡུག་གནས་སྟངས་སྔར་སོར་ཆ་སྙོམ་འབྱུང་ཐབས་སུ་དོན་དམ་གྱི་འབད་རྩོལ་ལྷོད་མེད་བྱ་དགོས་པ་ཡིན། རྒྱ་མིས་བོད་ནང་རྡུལ་ཕྲན་མཚོན་ཆ་ཐོན་སྐྱེད་བཟོ་སྐྲུན་བྱ་ཡུལ་བྱེད་པ་དང་། རྒྱ་མི་རང་ཉིད་ཀྱི་རྡུལ་ཕྲན་མཚོན་ཆའི་སྙིགས་རོ་ཕུང་གསོག་བྱེད་འཆར་ཡོད་པ་མ་ཟད། རྒྱལ་ཁབ་གཞན་གྱི་རྡུལ་ཕྲན་གྱི་དུག་རྫས་སྙིགས་རོའང་གླ་དངུལ་སྤྲོད་ལེན་གྱི་ཐོག་ནས་བོད་ནང་ཕུང་གསོག་བྱ་རྒྱུར་རྒྱ་ནག་གཞུང་ནས་ཁས་ལེན་བྱས་འདུག
འདི་ལྟ་བུའི་ཉེན་ཚབས་ཆེ་བའི་གནས་སྟངས་ཀྱི་ཆ་ནས། ད་ལྟ་འཚོ་བཞིན་པའི་མི་རབས་འདི་ཉིད་ལྟ་ཅི་སྨོས། བོད་ཀྱི་ཚོར་སྐྱེན་མྱུར་བའི་ཁོར་ཡུག་གི་ཐད་ལ་སེམས་ཁུར་མེད་པའི་རྒྱ་མིའི་བྱ་སྤྱོད་འདི་དག་གིས་འབྱུང་འགྱུར་གྱི་མི་རབས་རྣམས་ལ་ཡང་འཇིག་ཉེན་ཤིན་ཏུ་ཆེན་པོར་གྱུར་ཡོད།
༥་ བོད་ཀྱི་མ་འོངས་པའི་གནས་སྟངས་དང་། བོད་རྒྱ་མི་རིགས་དབར་གྱི་འབྲེལ་ལམ་གྱི་གནད་དོན་སྐོར་གྱི་གྲོས་མོལ་ཁག་ལྷག་བསམ་རྣམ་དག་གི་སྒོ་ནས་འགོ་འཛུགས་བྱེད་དགོས་པ་ཡིན།
བོད་རྒྱ་མི་རིགས་གཉིས་ཐེ་བའི་མི་རིགས་ཁག་གི་ཕྱོགས་ཚང་མའི་ཡུན་རིང་ཁེ་ཕན་ལ་བསམ་ཞིབ་ཀྱིས་གནད་དོན་འདི་བཞིན་ཐག་གཅོད་ཡོང་ཐབས་སུ་ཞི་འགྲིགས་བྱ་རྒྱུའི་རང་བཞིན་དེ། དངོས་དོན་གྱི་རྒྱུ་མཚན་ལྡན་ཞིང་སྦ་གསང་མེད་པའི་ཐོག་ནས་བྱ་འདོད་ཡོད། བོད་པ་དང་། རྒྱ་མི་གཉིས་ནི་ཡུལ་ལུང་དང་། སོ་སོའི་རྒྱལ་རབས་ལོ་རྒྱུས། རིག་གཞུང་། སྐད་ཡིག འཚོ་བ་སྐྱེལ་སྟངས་སོགས་གང་གི་ཆ་ནས་ཁྱད་ཆོས་ལྡན་པའི་མི་རིགས་ཐ་དད་ཡིན། མི་རིགས་ཕན་ཚུན་གྱི་ཁྱད་པར་རྣམས་ངེས་པར་དུ་ངོས་འཛིན་ཐུབ་པའི་སྒོ་ནས་བརྩི་བཀུར་བྱེད་དགོས་པ་ཡིན། དེས་ཕྱོགས་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་ཡིན་པའི་དོན་དམ་གྱི་མཉམ་ལས་བྱ་རྒྱུར་འགལ་རྐྱེན་དུ་འགྱུར་དགོས་པ་མེད། ངས་བཅོས་མིན་ཡིད་ཆེས་བྱ་རྒྱུར། ཕན་ཚུན་འབྲེལ་ཡོད་ཕྱོགས་གཉིས་ཀ་ངོ་འཛོམས་ཀྱི་ཐོག་ནས་འབྱུང་འགྱུར་གྱི་གནད་དོན་ཁག་གི་སྐོར་ལ་བློ་ཁ་ཡངས་ཤིང་། དོན་དམ་གྱི་དྲང་བདེན་དང་། འདོད་བློ་ཁེངས་པའི་ཐབས་ལམ་ཞིག་འཚོལ་རྒྱུར་འདུན་པ་ཡོད་ཚེ་ཐབས་ལམ་ཞིག་ངེས་པར་དུ་རྙེད་ཐུབ་པ་ཡིན། ང་ཚོས་རྒྱུ་མཚན་ལྡན་ལ། མཁས་མཛངས་བློ་གྲོས་དང་། ཁ་ཞེ་གཉིས་མེད། གོ་རྟོགས་དང་ལྡན་པ་བཅས་ཀྱི་ཐོག་ནས་ངོ་འཛོམས་བྱ་རྒྱུའི་ཐབས་ལ་འབད་དགོས་པ་ཡིན། ངས་མཐའ་དོན་ཞུ་རྒྱུར། ཁྱེད་རྣམ་པ་དང་། ཁྱེད་རྣམ་པའི་ཕྱག་སྦྲེལ་ལས་རོགས། གཞན་ཡང་མཛའ་མཐུན་ལྡན་པའི་ཡུལ་མི་རྣམས་ནས་ས་ཕྱོགས་གང་སར་གཉའ་གནོན་འོག་ཚུད་པའི་མི་རྣམས་ཀྱི་སྐྱོ་གནས་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དངོས་དོན་དུ་ཁྱེད་རྣམ་པས་ང་ཚོ་བོད་མི་རྣམས་ལ་དངོས་སུ་གདུང་སེམས་མཉམ་སྐྱེད་གནང་བ་དེས་བོད་ནང་སྐྱེ་བོ་མང་པོའི་ལུས་སྲོག་ལ་ཕན་ནུས་འབྲེལ་བའི་ཁྱད་པར་ཆེན་པོ་བྱུང་ཡོོད། ད་དུང་ཁྱེད་རྣམ་པས་ང་ཚོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་དུས་སྐབས་གཉན་འཕྲང་ཅན་འདིར་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་བཅས་ཡིན། བཀྲ་ཤིས་བདེ་ལེགས།། །།