༢༠༡༠ ཕྱི་ཟླ་ ༦ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །འདི་གར་དོན་གླིང་ཆོལ་གསུམ་སྒྲོལ་མ་ཚོགས་པ་ནས་བཏང་གནས་ནང་གསལ། བོད་རྒྱལ་ལོ་ ༢༡༣༧ ཟླ་ ༣ ཚེས་ ༣༠ ནས་ས་ག་ཟླའི་ཆོ་འཕྲུལ་དུས་བཟང་ཉིན་ཉི་ཤུའི་རིང་ལྡེ་ར་ཌོན་དོན་གྲུབ་གླིང་གཞིས་སྒར་དུ་ས་གནས་ཆོལ་གསུམ་རྒྱུན་ལས་རྣམས་ནས་རྐང་འཁུར་གྱིས་དཔལ་བཀྲིས་འཁྱིལ་དགོན་གྱི་དགེ་འདུན་བརྒྱད་ཡན་གདན་ཞུས་ཀྱིས་ས་གནས་མི་མང་རྒན་གཞོན་བར་གསུམ་མི་གྲངས་ ༧༠ བརྒལ་བ་ཉིན་ལྟར་ཆད་མེད་འདུ་སྐོང་གི་ཉིན་ཡོལ་ཆུ་ཚོད་ ༣ ནས་ ༦ བར་འགོ་འཛུགས་ཀྱིས་༸རྒྱལ་བའི་སྐུ་ཕྱའི་ཞབས་རིམ་ལ་དམིགས་པའི་སྒྲོལ་མ་འབུམ་སྒྲུབ་གནད་སྨིན་དང་། བདེན་ཚིགས་སྨོན་ལམ། ༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་བཅས་སྒྲུབ་པ་ལགས་ན། མགོན་པོ་གང་གི་བཞེད་དོན་ལྷུན་གྱིས་འགྲུབ་པ་དང་བོད་སྤྱིའི་རྩ་དོན་བདེན་མཐའ་མྱུར་དུ་གསལ་བ་དེ་མཚུངས་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་པ་སོགས་ཀྱི་སྨོན་སྒྲུབ་ཞུས་པ་ཁག་གཤམ་གསལ།
༡༽ སྒྲོལ་མ་ཉེར་གཅིག་མའི་བསྟོད་པ་གྲངས་ ༡༦༣༨༥ དང་།
༢༽ ༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་གྲངས་ ༡༢༧༨ དང་།
༣༽ བདེན་ཚིག་སྨོན་ལམ་གྲངས་ ༡༢༧༨ དང་།
༤༽ རྗེ་བཙན་སྒྲོལ་དཀར་བསྟོད་པ་གྲངས་ ༡༢༧༨ བཅས་དང་།
ས་ག་ཟླ་བའི་ཚེས་ ༡༠ ཉིན་ཧ་རི་ཌི་ཝར་ (Haridwar) གཙང་ཆུར་ཉ་སྲོག་བསླུ་བཏང་བ་ཀེ་ལོ་ ༥༦༣ དང་། གསོལ་འདེབས་བདེན་པའི་རྔ་སྒྲ་གྲངས་ ༡༢༧༨ དང་། ས་ཟླའི་ཚེས་ ༡༥ ཉིན་དགེ་འདུན་བཅུ་གཅིག་གདན་ཞུས་ཀྱིས་ཚོགས་མཆོད་རྒྱས་པ་ཞིག་དང་། དེ་ཉིན་ཕྱོགས་མཐའ་ནས་མཆོད་མཇལ་ཕེབས་མི་རྣམ་པར་ཆུ་མངར་གྱི་སྦྱིན་གཏོང་རྒྱ་ཆེ་མཛད་གནང་འདུག་པ་བཅས།།