༢༠༡༠ ཕྱི་ཟླ་ ༦ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡ ཉིན་ཉི་ཧོང་བོད་ཁང་གིས་གོ་སྒྲིག་འོག་བོད་རིགས་དང་ཉི་ཧོང་མི་རིགས་ ༥༠ ཙམ་རྒྱལ་ས་ཊོཀ་ཡོའི་ནང་རྟེན་གཞི་བྱས་པའི་ནང་པའི་ལྷ་ཁང་ཞིག་ཏུ་སྐྱེ་རྒུ་མདོར་ས་ཡོམ་འོག་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ཞེ་དགུའི་སྨོན་ལམ་དུ་ཤེས་རབ་སྙིང་པོ་དང་སྒྲོལ་བསྟོད། མ་ཎི་བཅས་གསུངས་འདོན་གནང་ཡོད། སྐབས་དེར་ཉི་ཧོང་དང་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་ཁང་གི་ཟུང་དྲུང་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཞེ་དགུ་སྨོན་ལམ་གལ་གནད་ཆེ་ཚུལ་ངོ་སྤྲོད་ཀྱང་གནང་ཡོད། དེ་བཞིན་ཕྱི་ཟླ་ ༤ ནང་ཉི་ཧོང་མི་མང་ཚོས་སྐྱེ་རྒུ་མདོར་ངལ་སེལ་རོགས་སྐྱོབས་ཆེད་བོད་གཞུང་སྐུ་ཚབ་དོན་ཁང་ལ་ཞལ་འདེབས་ཉི་ཧོང་སྒོར་ ༢༢༡༨༦༥༠ ཙམ་གནང་བ་དེ་དོན་ཁང་གིས་རྡ་སར་རྟེན་གཞི་བྱས་པའི་ ༤།༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ལ་བཏང་ཟིན་པ་དང་། ཕྱི་ཟླ་ ༥ ནང་ཞལ་འདེབས་ཉི་ཧོང་སྒོར་ ༡༡༧༧༣༣༣ ཙམ་བྱུང་བ་དེ་ཡང་གང་མགྱོགས་ ༤།༡༤ ངལ་སེལ་ཚོགས་ཆུང་ལ་བཏང་འཆར་ཡོད་སྐོར་གསུངས་པ་དང་སྦྲགས་མི་མང་ཚོས་རོགས་རམ་གང་ཐུབ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད།།