༄༅། །ད་རིང་ཕྱི་ལོ་ ༢༠༠༥ ཕྱི་ཟླ་ ༣ ཚེས་ ༡༠ བོད་མི་རྣམས་ཀྱིས་ལྷ་སར་རྒྱ་དམར་གྱི་དབང་སྒྱུར་ལ་འཚེ་མེད་ཞི་བས་ངོ་རྒོལ་བྱས་ཏེ་ལོ་ ༤༦ འཁོར་བའི་དུས་ཚིགས་འདིའི་ཐོག་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་བོད་ལྗོངས་བསྟན་སྲིད་ཀྱི་དོན་དུ་ལུས་སྲོག་དོར་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གུས་འདུད་དང་། ད་ལྟའང་མནར་གཅོད་མྱོང་བཞིན་པའི་ཉེས་མེད་བོད་རིགས་ཡོངས་ལ་གདུང་སེམས་ཆེན་པོས་འཚམས་འདྲི་དང་ཐུགས་གསོ་ཞུ་རྒྱུ་ཡིན།
བཀའ་ཤག་སྐབས་བཅིུས་པས་ཕྱི་ལོ་ ༢༠༠༢ དང་ ༢༠༠༣ སོ་སོའི་གསུམ་བཅུའི་གཏམ་བཤད་ཀྱི་ནང་བོད་མིའི་ཆབ་སྲིད་ཀྱི་བྱུང་རིམ་ལ་བསྐྱར་ཞིབ་དང་། དབུ་མའི་ལམ་གྱི་མཛད་བྱུས་ལག་བསྟར་བྱེད་ཕྱོགས་ཀྱི་སྲིད་བྱུས། བོད་མིའི་སྟོབས་ཤུགས་གོང་འཕེལ་གཏོང་ཕྱོགས། བོད་རྒྱའི་འབྲེལ་ལམ་བསྐྱར་གསོའི་བྱུང་རིམ། ཞི་མོལ་ལམ་ལྷོང་ཡོང་ཆེད་ཁོར་ཡུག་སྐྲུན་ཐབས་བཅས་གཞིས་བྱེས་བོད་མིར་དམིགས་པའི་དོན་ཚན་ཁག་དང་། ཕྱི་ལོ་ ༢༠༠༤ གཏམ་བཤད་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པར་དམིགས་ཏེ་༸གོང་ས་ཆེན་པོའི་དགོངས་བཞེད་དང་། བཙན་བྱོལ་གཞུང་གི་སྲིད་བྱུས། བོད་ཀྱི་དཀའ་རྙོག་ཞི་མོལ་གྱི་ལམ་ནས་གང་མྱུར་འགྲིགས་ཆགས་དགོས་པའི་གནད་དོན་བཅས་གསལ་བཤད་ཞུས་ཡོད། གསུམ་བཅུའི་དུས་དྲན་གྱི་གཏམ་བཤད་ནི་བཀའ་ཤག་གི་སྲིད་བྱུས་དང་བྱེད་འཆར་བཅས་ཀྱི་ལས་དོན་སྙན་ཞུ་ཆབ་སྲིད་དང་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་བསྒྲགས་གཏམ་གལ་ཆེ་ཞིག་ཡིན་སྟབས། གཞིས་བྱེས་བོད་མི་ཚང་མས་ཐུགས་སྣང་གཟབ་ནན་གནང་བའི་རེ་བ་ཡོད།
ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་ནས་བཟུང་། གྲོས་མཐུན་དེ་གནས་བབས་ཇི་འདྲ་ཞིག་གི་འོག་འཇོག་དགོས་བྱུང་བ་དང་དོན་ཚན་ཁག་བོད་མི་མང་ཚོགས་ཀྱི་མངོན་འདོད་དང་མཐུན་མིན་སོགས་ལ་མ་ལྟོས་པར་བོད་རྒྱའི་མི་རིགས་ཞི་མཐུན་མཉམ་གནས་ཐུབ་ཐབས་ཁོ་ན་གཙོར་བཟུང་གིས་༸གོང་ས་མཆོག་དང་བོད་གཞུང་མང་ཚང་མས་ཁ་ཞེ་གཉིས་མེད་ཀྱིས་གྲོས་མཐུན་ཚིག་དོན་གཉིས་ཐད་ནས་ལག་བསྟར་ཞུས་ཡོད། འོན་ཀྱང་ལོ་ཤས་སོང་མཚམས་རྒྱ་ཕྱོགས་ནས་དམག་གི་སྟོབས་ཤུགས་ཇི་ཆེར་སོང་རིམ་བཞིན་གྲོས་མཐུན་དོན་ཚན་ཁག་བསམ་བཞིན་བརྡལ་ བཤིག་མུ་མཐུད་བྱས་རྐྱེན་བཟོད་བསྲན་ཐུབ་ཐབས་བྲལ་ཏེ་ ༡༩༥༩ ཕྱི་ ༣ ཚེས་ ༡༠ ཉིན་མང་ཚོགས་བསམ་པ་གཅིག་མཐུན་དྭང་བླངས་རང་འགུལ་གྱིས་གྱེན་ལངས་བྱ་དགོས་བྱུང་ཡོད་པ་དང་། དེའི་སྐབས་སུའང་༸གོང་ས་མཆོག་གིས་འགྲིགས་ཆགས་ཡོང་ཐབས་ཡོད་རྒུ་རྩལ་སྤྲུགས་གནང་ཡང་དོན་འབྲས་མ་སོན་པར་མཐའ་མ་དྲག་གནོན་བྱས་རྐྱེན་༸གོང་ས་མཆོག་དང་བོད་གཞུང་བཀའ་ཤག་རྒྱ་གར་དུ་སྐྱབས་བཅོལ་ཕེབས་དགོས་བྱུང་བ་དང་། གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་དུ་གཏོང་བའི་གསལ་བསྒྲགས་གནང་དགོས་བྱུང་ཡོད་པ་འདི་དག་སྐབས་དེའི་འབྲེལ་ཡོད་རྒྱ་མིའི་ དབུ་ཁྲིད་རྣམ་པས་བསམ་ཤེས་དང་གུ་བཤངས་གཏན་ནས་མ་བྱས་པར་སྟོབས་ཤུགས་ཀྱིས་བཙན་གནོན་གཏོང་རྐྱང་བྱས་པ་ལས་བྱུང་བ་མ་གཏོགས། བོད་མིའི་ངོས་ནས་འོས་མཚམས་མིན་པའི་བྱ་སྤྱོད་གང་ཡང་བྱས་མེད་པའི་དན་རྟགས་ཚད་ཐུབ་ཡོད། དེ་ནས་བཟུང་བོད་ཀྱི་དཀའ་རྙོག་ཇེ་སྡུག་ཏུ་སོང་སྟེ་བོད་མི་འབུམ་ཕྲག་བརྒལ་བ་བཙན་བྱོལ་དུ་ཡོང་དགོས་བྱུང་ཡོད་ཅིང་། བཙན་བྱོལ་བོད་མི་མང་ཆེ་བ་ཞིང་འབྲོག་གི་ལས་མི་དཀྱུས་མ་དང་གྲྭ་བཙུན་རྒན་བྱིས་སོགས་གྲལ་རིམ་དང་སྲིད་དོན་གྱི་འབྲེལ་བ་གང་ཡང་མེད་རིགས་ཡིན་པ་དེས་བོད་མིའི་དཀའ་རྙོག་གི་ངོ་བོ་གསལ་པོ་མཚོན་ཡོད། བོད་མིས་ངོས་ལེན་བྱས་ཟིན་པའི་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ནང་གསལ་བའི་དོན་གནད་ཁག་ལག་ལེན་དོན་ཁྱོལ་མ་བྱུང་བའི་རྐྱེན་གྱིས་བོད་མི་རྣམས་ཀྱིས་རང་བཙན་བསྐྱར་གསོའི་ལས་འགུལ་ལ་ཞུགས་དགོས་བྱུང་བ་དང་། དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་མང་ཚོགས་དང་སྒྲིག་འཛུགས་ཁག་གིས་བོད་ཀྱི་གནད་དོན་ཐོག་དོ་སྣང་མ་བྱས་ཀ་མེད་བྱུང་བ་རེད།
ཕྱི་ལོ་ ༡༩༧༩ ལོར་སྐབས་དེའི་རྒྱ་ནག་གི་འགོ་ཁྲིད་རྣམ་པས་ཞི་མོལ་གྱི་ལམ་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་བྱ་དགོས་ཀྱི་གྲོས་འཆར་བྱུང་མ་ཐག་༸གོང་ས་མཆོག་གི་ངོས་ནས་ཀ་ཀོར་གང་ཡང་མེད་པར་དབུ་མའི་ལམ་ལ་བརྟེན་ནས་བོད་རྒྱ་ཞི་མོལ་གནང་རྒྱུར་དགོངས་མཐུན་གནང་བ་དང་། དེ་ནས་བཟུང་ལྷག་བསམ་ཟོལ་མེད་ཀྱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་ཞིང་། འདས་པའི་ལོ་ ༢༦ རིང་བོད་རྒྱའི་འབྲེལ་ལམ་ལ་འགྱུར་ལྡོག་ཅི་རིགས་ཤིག་བྱུང་ཡང་དབུ་མའི་ལམ་གྱི་སྲིད་བྱུས་འགྱུར་མེད་བརྟན་བཟུང་གནང་ཡོད་པ་མ་ཟད། སྲིད་བྱུས་དེ་ལ་གཞིས་བྱེས་བོད་མི་མང་ཚོགས་དང་གྲོས་ཚོགས་བཅས་ཀྱི་ནང་གོ་རྟོགས་དང་རྒྱབ་སྐྱོར་གོང་མཐོར་སྤེལ་ཐུབ་པ་བྱུང་ཡོད། འོན་ཀྱང་དོན་མེད་དང་དོན་ཆུང་གི་གནད་དོན་རེ་ཟུང་དང་། གོ་བརྡ་མ་འཕྲོད་པ། ཡང་ན་ལས་དོན་བྱེད་ཕྱོགས་ཀྱི་གོམས་གཤིས་མི་འདྲ་བ་སོགས་ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་ལ་བརྟེན་ནས་ཞི་མོལ་ལམ་ལྷོང་མ་བྱུང་བར་ལོ་ ༢༦ ཆུད་ཟོས་སུ་ཕྱིན་པ་འདི་ནི་བོད་རྒྱ་གཉིས་ཀར་བསབ་ཏུ་མེད་པའི་གྱོང་གུན་ཆེན་པོ་ཞིག་ཡིན་པ་དང་། བྱུང་རབས་ཀྱི་ནང་ཟུབ་ཏུ་མེད་པའི་ནག་ཐིགས་ཤིག་ཆགས་ཡོད། འདས་པའི་ལོ་གསུམ་གྱི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་ཐེངས་གསུམ་རྒྱ་ནག་དང་བོད་ཀྱི་ས་ཁུལ་ཁག་ལ་ཕེབས་ཐུབ་པ་དང་། ཕན་ཚུན་གོ་བསྡུར་ལྷུག་པོ་བྱུང་བ་དེས་༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་འགོ་ཁྲིད་རྣམས་ལ་གནས་ཚུལ་མང་པོའི་ཐོག་གོ་རྟོགས་གཏིང་ཟབ་རྙེད་པ་ལ་ཕན་ཐོགས་ཆེན་པོ་བྱུང་བ་ལྟར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་དབུ་ཁྲིད་རྣམ་པར་ཡང་༸གོང་ས་མཆོག་གི་དགོངས་བཞེད་དང་། བཙན་བྱོལ་གཞུང་གི་བསམ་ཚུལ་གསལ་པོ་མཁྱེན་པ་ལ་ཕན་ཐོགས་བྱུང་ཡོད་པའི་ཡིད་ ཆེས་ཡོད། ལྷག་པར་སྔ་ལོ་སྐུ་ཚབ་ཚོགས་པ་ཕེབས་ཐེངས་གསུམ་པའི་སྐབས་གོ་བསྡུར་ཞིབ་ལྷུག་བྱུང་བ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པར་གཞི་མེད་ཀྱི་རྣམ་རྟོག་གང་མང་ཡོད་པ་གསལ་རྟོགས་བྱུང་བས་དེ་ཚོར་ཡིད་ཆེས་འོས་པའི་གསལ་བཤད་བྱ་རྒྱུའི་འདུན་པ་ཡོད་ཅིང་། དེ་ལ་བརྟེན་ནས་རྣམ་རྟོག་རྣམས་གཙང་སེལ་ཐུབ་པའི་རེ་བ་ཡོད། གཙོ་འཛིན་ཏིང་ཤའོ་ཕིང་གིས་རང་བཙན་མ་རྩོད་ན་གནས་ཚུལ་གཞན་དག་ཚང་མ་ཞི་མོལ་གྱི་ལམ་ནས་འགྲིགས་ཆགས་ཐུབ་ཀྱི་རེད་ ཅེས་པའི་སྡོམ་ཚིག་དེ་གཏིང་ཟབ་ལ་ཁྱབ་ཆེ་བ་ཞིག་ཡིན་པ་དང་། དེ་ལ་བརྟེན་ནས་༸གོང་ས་ཆེན་པོས་རང་བཙན་རྩོད་གླེང་གནང་རྒྱུ་མིན་པའི་རླབས་ཆེན་གྱི་ཐག་གཅོད་གནང་བ་དེས་བོད་རྒྱའི་དབར་གྱི་གཞི་རྩའི་མི་མཐུན་པ་བསལ་ཏེ་གཉིས་མོས་གཞི་རྟེན་ཞིག་བསྐྲུན་ཟིན་པ་ཡིན་སྟབས། ཞིབ་ཆའི་གནད་དོན་གྲོས་མོལ་གྱི་ལམ་ནས་ཐག་གཅོད་ཡོང་ཐབས་མ་བྱས་པར། སུ་ཐད་ནས་སྔོན་འགྲོའི་ཆ་རྐྱེན་བཏོན་པའམ། དོན་མེད་ཀྱི་དྭོགས་པ་ལ་བརྟེན་ནས་ཞི་མོལ་ལས་གཡོལ་ཐབས་བྱེད་རྒྱུ་ནི་ཏིང་ཤའོ་ཕིང་གི་ཞལ་བཞེས་དང་འགལ་བ་མ་ཟད། ཐབས་ལ་མཁས་པའི་སྲིད་བྱུས་ཤིག་མིན་པའང་གསལ་པོ་རེད། ༸གོང་ས་ཆེན་པོའི་ཞི་བའི་དོན་ཚན་ལྔ་དང་། སི་ཏྲས་སྦག་གི་གྲོས་འཆར་བཅས་ཀྱི་ནང་བོད་མིའི་མངོན་འདོད་ཀྱི་གནད་དོན་གཙོ་ཆེ་བ་ཁག་གསལ་བཏོན་གནང་ཡོད་ཀྱང་། དེ་དག་གི་ཞིབ་ཆ་ཞི་མོལ་གྱི་ལམ་ནས་ཐག་གཅོད་གནང་རྒྱུའི་གྲོས་གཞི་ཙམ་ལས་གྲོས་མོལ་བྱེད་རྒྱུ་མེད་པའི་མཐའ་མའི་ཐག་གཅོད་ཀྱི་ངོ་བོར་བཀའ་གནང་བ་མིན་པ་དང་། སྔོན་ གླེང་ཁག་ནི་རྒྱབ་ལྗོངས་ཙམ་ལས་གྲོས་གཞིའི་ཆ་ཤས་མིན་པའང་གསལ་པོ་རེད། ལྷག་པར་ཞི་བའི་དོན་ཚན་ལྔ་ནི་བོད་ཀྱི་གནས་བབས་ཐག་གཅོད་བྱུང་མིན་ལ་མ་ལྟོས་པར་རྒྱ་བོད་གཉིས་ཀྱིས་མཚོན་པས་འཛམ་གླིང་སྐྱེ་འགྲོ་སྤྱི་ཡོངས་ཀྱི་ཁེ་ཕན་གྱི་ཆེད་དུ་བསྒྲུབ་དགོས་པའི་ཕུགས་དམིགས་ཤིག་ཡིན་པས་བོད་མིའི་ཆབ་སྲིད་ཀྱི་གནས་བབས་དང་ཞི་མོལ་གྱི་གྲོས་གཞིར་ཐད་ཀར་འབྲེལ་བ་མེད་པ་དེའང་མཁྱེན་གསལ་རེད། སྙིང་དོན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པའི་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཚད་ལྡན་མིང་དོན་མཚུངས་པ་ཞིག་དགོས་པ་དེ་བོད་མིའི་ཁྲིམས་མཐུན་གྱི་དགོས་མཁོ་ཡིན་སྟབས། བོད་མི་ཚང་མར་གཅིག་གྱུར་ཡོངས་ཁྱབ་ཅིག་དགོས་པ་ནི་ལན་གཅིག་མ་ཡིན་པར་གསལ་བརྗོད་ཟིན་པ་མ་ཟད་གཞི་རྩའི་ལྟ་གྲུབ་འདི་ལ་འགྱུར་བ་གཏོང་ཐབས་མེད་པ་བསྐྱར་བརྗོད་བྱེད་རྒྱུ་ཡིན།
དེ་རིང་གི་གོ་སྐབས་འདིའི་བརྒྱུད་བོད་མི་ཡོངས་ལ་སྙན་སྒྲོན་ཞུ་རྒྱུར། དབུ་མའི་ལམ་གྱི་སྲིད་བྱུས་ནི་བཀའ་ཤག་སྐབས་བཅུ་གཉིས་པས་གསར་གཏོད་བྱས་པ་ཞིག་མིན་པར། ཕྱི་ལོ་ ༡༩༧༩ ནས་བཟུང་བཙན་བྱོལ་གཞུང་གི་འཛིན་སྐྱོང་དང་། གྲོས་ཚོགས། མང་ཚོགས་བཅས་ནས་མང་གཙོའི་བརྒྱུད་ལམ་ནས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་སྟབས། ང་ཚོས་ལྷག་བསམ་ཟོལ་མེད་ཀྱིས་ལག་བསྟར་ཐུབ་ཐབས་ལ་ནུས་པ་གང་ཡོད་ངེས་པར་བཏོན་དགོས། སྲིད་བྱུས་འདི་ལ་མང་གཙོའི་བརྒྱུད་རིམ་ནས་འགྱུར་བ་ཞིག་མ་ཕྱིན་བར་འཛིན་སྐྱོང་གི་ངོས་ནས་ལག་ལེན་འགེལ་ཐབས་ཡོད་རྒུ་རྩལ་སྤྲུགས་མ་ལན་མ་འགྱོད་མེད་པ་ཞིག་མ་བྱས་པར་ལྷོད་གཡེང་དུ་ལུས་ན་༸གོང་ས་མཆོག་དང་། གྲོས་ཚོགས། མང་ཚོགས་བཅས་ལ་འགན་ཁུར་མ་ཞུས་པ་དང་། བོད་ཀྱི་རྩ་དོན་ཟོམ་འཇོག་ཏུ་བཞག་པའི་ལོ་རྒྱུས་ཀྱི་ནག་ཉེས་འཕོག་རྒྱུར་བསམས་ཏེ་རང་ནུས་གང་ལྕོགས་ཀྱིས་ནུས་ཤུགས་རྩལ་བཏོན་བྱས་པ་ཡིན། འདིའི་ཐོག་གྲོས་ཚོགས་དང་། མང་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བཅས་ནས་མཐུན་འགྱུར་གང་ལེགས་གནང་ བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྔ་ལོ་སྐུ་ཚབ་ཕེབས་ཐེངས་གསུམ་པ་ཕྱིར་འཁོར་རྗེས་ཁོ་ཚོའི་བགྲོ་གླེང་གི་ཚིག་ཐོ་ཁག་ལ་ཞིབ་འཇུག་ནན་གཟབ་དང་འབྲེལ་བོད་རྒྱ་ཞི་མོལ་གྱི་ལས་དོན་ཚོགས་ཆུང་རྒྱ་བསྐྱེད་དང་། དེའི་གཏན་འཇགས་ལས་ཁུངས་གསར་འཛུགས་བཅས་ཀྱི་ཐོག་ཚོགས་ཆུང་གི་ཚོགས་འདུ་དང་། དེ་བཞིན་གྲོས་འདྲི་ཞུ་ཡུལ་ཁག་ལ་དགོངས་སྐོར་དང་འབྲེལ་བོད་རྒྱ་ཞི་མོལ་གྱི་ལས་དོན་ཐོག་སྔར་ལྷག་འབད་རྩོལ་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན་སྐུ་ཚབ་ཚོགས་ཆུང་གི་ཚིག་ཐོར་གསལ་བའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགོངས་ཚུལ་ཁག་ལ་ཞིབ་འཇུག་གིས་ལན་འདེབས་དང་། རང་ཕྱོགས་ནས་བླང་དོར་བྱ་དགོས་རྣམས་བྱ་རྒྱུའི་འབད་རྩོལ་བྱེད་བཞིན་པ་ཡིན། བོད་མིའི་ཁྲོད་ཀྱི་སྒྲིག་ འཛུགས་དང་གང་ཟག་ཁག་གཅིག་གི་དགོངས་ཚུལ་དང་སྐྱོན་བརྗོད་ལ་འཛེམས་ཟོན་བྱས་ཏེ་ཞི་མོལ་གྱི་ཁོར་ཡུག་སྐྲུན་ཐབས་ལ་འཐུས་ཤོར་ཕྱིན་ན་མི་འགྲིགས་པའི་དགག་དགོས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཡིད་གཉིས་ཐེ་ཚོམ་མེད་པར་མདུན་བསྐྱོད་བྱ་རྒྱུའི་བློ་ཐག་བཅད་པ་ཡིན། འདས་པའི་ལོ་བཅུ་ཕྲག་གཉིས་ཀྱི་བྱུང་རིམ་ལས་ཉམས་མྱོང་བླངས་ཏེ་འབྱུང་འགྱུར་བོད་རྒྱ་ཞི་མོལ་གྱི་ལས་དོན་ལམ་ལྷོང་མ་བྱུང་བའི་རྒྱུ་རྐྱེན་རང་ཕྱོགས་ནས་མ་ལྷག་པ་ཞིག་བྱེད་རྒྱུ་ཡིན།
མང་གཙོའི་སྤྱི་ཚོགས་ནང་ལྟ་གྲུབ་དང་ཐབས་ལམ་མི་མཐུན་པའི་རྣམ་གྲངས་མང་པོ་ཡོད་ཆོག་པ་དང་། ཡོད་དགོས་པ་ཞིག་ཀྱང་ཡིན་པ་མ་ཟད། རང་རང་གི་ལྟ་གྲུབ་དང་ཐབས་ལམ་སྤེལ་སླད་མང་ཚོགས་སུ་དྲིལ་བསྒྲགས་དང་། འབོད་བསྐུལ། སློབ་སྟོན་སོགས་ཀྱི་ལས་དོན་ཤུགས་ནུས་ཆེན་པོས་སྤེལ་རྒྱུའི་རང་དབང་ཡང་མང་གཙོའི་གཞི་རིམ་གྱི་ཁེ་ཕན་ཞིག་ཡིན། དེར་བརྟེན་བཙན་བྱོལ་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་འཐོབ་ཐབས་དང་། བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་སྐྲུན་ཐབས་བཅས་ཀྱི་ཆེད་ད་ལམ་བསྐྱར་ནན་གྱིས་འབོད་བསྐུལ་ཞུ་རྒྱུ་ཡིན། བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ལའང་རིང་མིན་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་སྐྲུན་ཐབས་སུ་ཞིབ་ཆའི་འབོད་བསྐུལ་ཡིག་ངག་གཉིས་ཐོག་ནས་ཞུ་རྩིས་ཡིན། མདོ་དོན་ད་ལྟའི་གནས་སྐབས་སུ་བཙན་བྱོལ་གཞུང་གི་བོད་ཀྱི་རྩ་དོན་སྒྲུབ་པའི་ལས་རིམ་གྱི་སྲིད་བྱུས་དབུ་མའི་ལམ་དང་། དུས་དང་རྣམ་པ་ཀུན་ཏུ་ཐབས་ལམ་འཚེ་མེད་ཞི་བ་ཉག་གཅིག་ལ་དམ་བཅའ་ཡོད་པ་ཚང་མས་མཁྱེན་གསལ་ལྟར། སྤྱི་སྒེར་སུ་ཐད་ནས་བོད་ཀྱི་རྩ་དོན་ལ་སྨན་པའི་ལས་དོན་ཇི་འདྲ་ཞིག་བརྩམ་རུང་རང་གིས་དམ་བཅས་པའི་སྲིད་བྱུས་དང་ཐབས་ལམ་ལ་འགལ་ཟླ་མི་འགྲོ་བའི་ཐོག་ནས་གནང་དགོས་པའི་འབོད་བསྐུལ་ནན་པོ་ཞུ་རྒྱུ་ཡིན།
བཙན་བྱོལ་བོད་མི་རྣམས་ཀྱི་འཕྲལ་སེལ་གྱི་བདེ་དོན་དང་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཕུགས་དམིགས་གཉིས་ཀའི་ཐོག་མཐུན་འགྱུར་རོགས་སྐྱོར་གནང་མཁན་གྱི་གཞུང་དང་། གྲོས་ཚོགས་ཁགབོད་དོན་རྒྱབ་སྐྱོར་ཚོགས་པ་ཁག མི་སྣ་སྒེར་ཁག་བཅས་ཚང་མར་ད་རེས་ཀྱི་གོ་སྐབས་འདིའི་ཐོག་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་པར་རྒྱ་གར་འཕགས་པའི་ཡུལ་གྱི་གཞུང་མང་གཉིས་ཀར་འདས་པའི་ལོ་ ༤༥ རིང་བཙན་བྱོལ་བོད་མི་འབུམ་ལ་ཉེ་བར་མགོན་སྐྱབས་འཚོ་སྐྱོང་དང་། བོད་ཀྱི་བདེན་པའི་ལས་འགུལ་གྱི་གཞི་རྩ་བརྟན་པོ་ཚུགས་ཐུབ་པའི་ཆ་རྐྱེན་བསྐྲུན་པ་འདི་ནི་འབྱུང་འགྱུར་གྱི་བོད་མི་མི་རབས་ཚང་མས་ནམ་ཡང་བརྗེད་མི་ཐུབ་པའི་བླ་ན་མེད་པའི་བཀའ་དྲིན་ཞིག་ཡིན་པ་འདི་གསལ་བརྗོད་ཞུ་རྒྱུ་ཡིན།
བོད་དོན་བདེན་མཐའ་གསལ་ཐབས་སུ་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་དགོས་པ་གནད་ཀྱི་དོན་པོ་ཡིན་པས་སྔ་ལོའི་རིང་འདི་ནས་འབོད་བསྐུལ་ཞུས་པ་བཞིན་གཞིས་བྱེས་བོད་མི་ཚང་མས་རྣམ་དཀར་དགེ་ཚོགས་ཀྱི་བྱ་བ་རླབས་ཆེན་འབད་བསྒྲུབས་གནང་བར་ཐུགས་རྗེ་ཆེ་ཞུ་དང་འབྲེལ་བོད་ཤིང་བྱའི་ལོ་འདི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་བདུན་ཅུར་ཕེབས་པའི་ལོ་དུས་སུ་འཁེལ་བས། གཞིས་བྱེས་བོད་མི་ཡོངས་ནས་རྣམ་དཀར་གྱི་བྱ་བ་སྤྱི་དང་། ཁྱད་པར་༸གོང་ས་ཆེན་པོའི་སྐུ་ཚེའི་ཚེ་སྒྲུབ་ལ་དམིགས་པའི་སྒྲོལ་དཀར་གྱི་གཟུངས་ སྔགས་གྲངས་གསོག་གནང་རྒྱུའི་འབོད་བསྐུལ་ཡང་ཞུ་རྒྱུ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། སྐུ་ཁམས་བཟང་ལ་རླབས་ཆེན་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས་བོད་གཞུང་བཀའ་ཤག་གིས་ཕྱི་ལོ་ ༢༠༠༥ ཟླ་ ༣ ཚེས་ ༡༠ ལ། །