༢༠༡༠ ཕྱི་ཟླ་ ༦ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཧིན་བོད་མཛའ་འབྲེལ་ཚོགས་པས་གཙོས་ས་གནས་ཡུལ་མིའི་ཚོང་འབྲེལ་སྡེ་ཁག་དྲུག་གིས་གོ་སྒྲིག་ཐོག་ཧིན་ཌུའི་རིག་བྱེད་ཆོས་ལུགས་ཀྱིས་སྦྱིན་སྲེག་ཆོ་ག་མེ་ལ་མཆོད་པའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་ས་གནས་ཡུལ་མིའི་ཚོགས་པ། ཚོང་པའི་མཐུན་ཚོགས། གླ་བྱེད་ཁ་ལོ་བའི་ཚོགས་པ། མགྲོན་ཁང་བདག་པོའི་ཚོགས་པ། རི་འཛེགས་ཚོགས་པ། འཁོར་གསུམ་ཁ་ལོ་བའི་ཚོགས་པ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་བཅས་ཁྱོན་མི་མང་གྲངས་ ༣༠༠༠ བརྒལ་བ་འདུ་འཛོམས་བྱུང་བའི་དབུས་ཧིན་ཌུའི་ཆོས་བྱེད་ཀྱི་མི་སྣ་གཙོ་བོར་ར་ཧུ་ཇེ་དང་ཨ་ནན་ཐ་གཉིས་སོགས་ནས་སྦྱིན་སྲེག་ཆོ་ག་དབུ་འཛུགས་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་མདུན་ཐང་ནས་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། ས་གནས་ཡུལ་མིའི་ཚོང་འབྲེལ་སྡེ་ཁག་དྲུག་གི་འགན་འཛིན་རྣམ་པས་ཕེབས་བསུ་དང་བཅས་༸ཞབས་སོར་འཁོད་བསྟུན་དབུ་བཞུགས་ཐོག་སྦྱིན་སྲེག་ཀྱི་ཆོ་ག་དངོས་གཞི་མེ་ལྷ་མཆོད་པའི་རིམ་པ་བསྟར་རྗེས་ཧིན་ཌུའི་ཆོས་བྱེད་སྐུ་ཚབ་གཅིག་ནས་སྦྱིན་སྲེག་ཆོ་གའི་ཕན་ཡོན་གསུང་བཤད་དང་། དེ་ནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོས་གསུང་བཤད་གནང་བ་དང་ཆབས་ཅིག་༸གོང་ས་མཆོག་ལ་ཕྱག་རྟགས་སུ་སྐུ་གཟན་ཞིག་ཕུལ་ཡོད། དེ་རྗེས་༸གོང་ས་མཆོག་གིས་ཐུགས་རྗེའི་བཀའ་སློབ་བཀའ་དྲིན་བསྐྱངས་རྗེས་ས་གནས་ཚོགས་པ་ཁག་གིས་ཡུལ་སྲོལ་གོམས་གཤིས་ལྟར་ཤིང་ལོའི་ནང་ཞལ་ལག་གསོལ་སྟོན་རྒྱས་པ་ཞིག་ཐོག་མར་༸གོང་ས་མཆོག་ལ་འདེགས་འབུལ་ཞུས་ཡོད། དེ་བཞིན་མཛད་གཙོ་རྣམ་པ་དང་། མང་ཚོགས་བཅས་ལའང་ཞལ་ལག་ཕུལ་ཏེ་མཛད་སྒོ་གྲོལབ་བཅས།