༢༠༡༠ ཕྱི་ཟླ་ ༦ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་སྟེང་བོད་ཁྱིམ་དུ་བོད་པའི་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་མ་མཛད་གོང་ཟབ་གསལ་གོ་བདེའི་བཀའ་སློབ་སྩལ་དོན། དེ་རིང་འདིར་སྔོན་ལ་བགྲོ་གླེང་བྱེད་མཁན་ཁྱེད་རྣམས་ལ་བཀྲ་ཤིས་བདེ་ལེགས་ཟེར་རྒྱུ་ཡིན། ཁྱེད་རང་ཚོར་དམིགས་བསལ་འཚམས་འདྲི་ཡོད། ཧ་ཅང་ཡག་པོ་བྱུང་འདུག ང་ཚོ་རྒྱ་གར་དུ་བསླེེབས་ནས་རིམ་པས་དགོན་པ་དང་། ལྷག་པར་དུ་བཙུན་མའི་དགོན་པ། དེ་བཞིན་དེ་སྔ་དགོན་པ་རིགས་ཁ་ཤས་ཀྱིས་སྔགས་ཕྱོགས་སུ་འགྲོ་བ་མ་གཏོགས་རིགས་ལམ་སྦྱང་སྟེ་གཞུང་ཆེན་ལྟ་རྒྱུ་མེད་མཁན་དེ་འདྲ་མང་པོ་ཡོད། བཙུན་མའི་དགོན་པ་དེ་དག་ནང་གཞུང་ཆེན་བལྟས། རིགས་ལམ་སྦྱང་བྱེད་མཁན་དེ་འདྲ་ཧ་ལམ་མེད། དེ་ང་ཚོའི་དེ་སྔ་ཕན་ཆད་ཀྱི་གོམས་གཤིས་རེད་དམ་ཟེར་ན་གོམས་གཤིས་ཤིག་རེད། བཙུན་མའི་དགོན་པ་དེ་དག་ནང་རྟགས་གསལ་གཏོང་རྒྱུའི་ལུགས་སྲོལ་མེད་པ་ལྟ་བུ་ཞིག་ཡིན། སྔགས་པ་གྲྭ་ཚང་དེ་དག་ལོ་ངོ་བརྒྱ་ཕྲག་གི་རིང་ལ་འདོན་ཆོག་ལྟ་བུ་བཏོན་པ་མ་གཏོགས་མེད། དེ་དག་ནི་དེ་སྔའི་ལུགས་སྲོལ་དེར་འཇོག་དགོས་སམ་ཞེ་ན། སྔོན་གྱི་ལུགས་སྲོལ་ཡིན་ནའང་ངོ་བོ་དེ་ཕན་ཐོགས་ཡོད་པ་ཞིག་རེད་འདུག རྗེས་ལུས་ཤིག་རེད་འདུག བསམ་བློ་གཏོང་དགོས། དེར་བརྟེན་བསམ་བློ་ཞིག་གཏོང་སྐབས་དེ་ནི་རྗེས་ལུས་ཤིག་རེད་མ་གཏོགས་དེར་ཡོན་ཏན་དང་ལེགས་ཆ་ཡོད་པ་དེ་འདྲ་གང་ཡང་མིན། དེར་བརྟེན་ང་ཚོ་རྒྱ་གར་དུ་བསླེབས་ནས་འདི་ག་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་མཚོན་རྒྱུད་སྟོད་སྨད་རེད། དེ་དག་ནང་དེ་སྔ་ལྟར་བླ་མ་རྒྱུད་པའི་གྲས་དེ་དག་མཚན་ཉིད་ལྟ་གི་མེད། མཚན་ཉིད་ལྟ་དགོས་པ་རེད། ཅེས་དང་དེ་ཙམ་མ་ཟད། བཙུན་མའི་དགོན་པ་ཚོར་ཡང་དགེ་སློང་མ་བསྒྲུབ་རྒྱུ་ཟེར་བ་དེ་འདུལ་བའི་གཞུང་དང་བསྟུན་ནས་འགྲོ་དགོས་པ་རེད། དེ་ཡང་བོད་པ་གཅིག་པུས་བསྒྲུབ་ཐུབ་རྒྱུ་ཁག་པོ་རེད་འདུག འདུལ་བ་འཛིན་པའི་ནང་པ་མང་པོ་ཡོད། དེ་ཚོ་ལའང་བསྟུན་དགོས་པ་རེད། དེ་ནི་གནས་ཚུལ་ཁག་ཁག་རེད། འོན་ཀྱང་ང་ཚོས་ཐག་གཅོད་ཐུབ་རྒྱུ་དེ་གང་རེད་དམ་ཞེས་ན། གཞུང་ཆེན་ལྟ་རྒྱུ་དེ་ང་ཚོས་ཐག་གཅོད་ཐུབ་པ་ཞིག་ཡིན། དེ་འདྲ་ཡིན་དུས་བཙུན་དགོན་ཚོར་ཡང་གཞུང་ཆེན་སློབ་སྦྱོང་བྱེད་རྒྱུ་འགོ་བཙུགས་པ་རེད། དེར་གྲུབ་འབྲས་ཡག་པོ་ཐོན་ཡོད། དེ་ནས་བར་སྐབས་ང་ཚོ་སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་རང་ཉིད་ནང་ཆོས་ལ་དད་པ་དང་དོ་སྣང་ཡོད་མཁན་ཞིག་ཡིན་ན། ངེས་པར་དུ་ནང་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་རེད། སྨོན་ལམ་བརྒྱབ་ནས་བསྡད་པས་འགྲིག་གི་མེད། ལར་ནས་ནང་པའི་ཆོས་ཀྱི་འགྲོ་སྟངས་དེ་སེམས་ལ་བཟོ་བཅོས་བརྒྱབ་སྟེ་བདེ་སྐྱིད་སྒྲུབ་རྒྱུ་ཞིག་བརྗོད་ཀྱི་ཡོད་པ་རེད་མ་གཏོགས། སྨོན་ལམ་བརྒྱབ་ནས་བདེ་སྐྱིད་སྒྲུབ་རྒྱུ་ཞིག་ནང་ཆོས་ནང་གསུངས་མེད་པ་རེད། ང་ཚོས་ནམ་རྒྱུན་ནས་ཕྱག་མཆོད་འབུལ་བྱས། བསྟན་མཇལ་ནས་སོ་སོའི་ནང་ལའང་ཡིན་གཅིག་མིན་གཅིག་མཆོད་ཤོམ་གཅིག་སྒྲིག་སྟེ་དེའི་མདུན་ལ་སྨོན་ལམ་རྒྱག་རྒྱུ་དེས་དོན་དག་སྒྲུབ་ཀྱི་ཡོད་པ་ལྟ་བུ་ཞིག་མ་རེད། སངས་རྒྱས་པའི་ཆོས་ཞེས་པ་དེ་བསམ་བློ་བཏང་ནས་སེམས་ལ་བསྒྱུར་བཅོས་བཏང་བའི་ཐོག་ནས་འཕྲལ་དུ་ཡིན་ནའང་སེམས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཞིག་དང་ཕུགས་རྒྱང་རིང་པོའི་ཆ་ནས་སེམས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱོ་རྒྱུ་ཞིག་ཡིན་པ་རེད། དེ་འདྲ་ཡིན་དུས་དེ་ཡོང་བར་དད་པ་གཅིག་པུས་ཡོང་གི་མེད། རྒྱུ་མཚན་ཤེས་པའི་དད་པ་ཞིག་དགོས་ཀྱི་ཡོད། དད་པའི་ནང་ལ་རྒྱུ་མཚན་མ་མཐོང་བར་རང་བཞིན་གྱི་དད་པ་བྱས་པ་དེ་ཧ་ལམ་རྨོངས་དད་རེད་ཅེས་ལབ་ཆོག། གང་ལ་དད་ཡུལ་དེ་ལ་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་དོ་དག་སོ་སོའི་ངོས་ནས་རྒྱུ་མཚན་མ་མཐོང་བར་གོམས་གཤིས་ཙམ་གྱི་དད་པ་བྱས་ན་རྨོངས་དད་ཆགས་ཀྱི་ཡོད། དེར་བརྟེན་སངས་རྒྱས་པའི་དད་པ་དེ་རྒྱུ་མཚན་མཐོང་བའི་སྒོ་ནས་དད་པ་སྐྱེས་ཐུབ་པ་ཞིག་དགོས། དེ་འདྲ་ཡིན་དུས་ནང་ཆོས་ལ་དད་པ་ཡོད་མཁན་སུ་ཡིན་རུང་ཡིན་གཅིག་མིན་གཅིག་ནང་ཆོས་ལ་སློབ་སྦྱོང་བྱེད་དགོས་ཞེས་ངོས་ཀྱིས་བོད་རིགས་ཚོ་དང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ཡོད་པའི་བོད་ཀྱི་ནང་ཆོས་ཉམས་ལེན་བྱེད་མཁན་ལོ་རྒྱུས་ཐོག་ནས་ང་ཚོ་གཅིག་གྱུར་ཡིན་མཁན་ཚོར་ཡང་འབོད་སྐུལ་བྱེད་ཀྱི་ཡོད། དེ་བཞིན་རྒྱ་མི་ནང་ཆོས་ལ་དོ་སྣང་ཡོད་མཁན་དང་། ཀོ་རི་ཡ། ཉི་ཧོང་། ཝི་ཏི་ནམ་སོགས་གང་ལྟར་ཆོས་དད་ཡོད་མཁན་དང་ཕ་མེས་ཐོག་ནས་ནང་པའི་ཆོས་བྱེད་མཁན་ཚོར་ཆོས་ལ་ངེས་པར་སློབ་སྦྱོང་བྱེད་དགོས་རེད་ཅེས་ངོས་ཀྱི་དུས་རྟག་ཏུ་འབོད་སྐུལ་བྱེད་ཀྱི་ཡོད། ནུབ་ཕྱོགས་ནས་ Spainish དམིགས་བསལ་རེད། ཁོང་ཚོ་ Catholic གཙོ་བོ་རེད། རང་ཉིད་ཀྱི་ཕྱོགས་གཅིག་ནས་ནང་ཆོས་ལ་དོ་སྣང་བྱས་པའི་ཐོག་ནས་ནང་ཆོས་སློབ་སྦྱོང་བྱེད་རྒྱུ་དང་ལྷག་པར་དུ་རིགས་ལམ་སྦྱོང་རྒྱུ་བྱུང་བ་དེ་ཡག་པོ་ཞེ་དྲག་རེད། རིགས་ལམ་སྦྱང་རྒྱུ་དེ། ཐལ། ཕྱིར། ཁྱབ། མ་ཁྱབ། ཅེས་ཤོད་རྒྱུ་འདི་རྩ་བ་རྒྱ་གར་གྱི་མུ་སྟེགས་པའི་གཞུང་ནང་ཕལ་ཆེར་ཡོད་ཀྱི་རེད། ཚད་མ་རིག་པ་ཞེས་པ་དེ་དང་ཕལ་ཆེར་འབྲེལ་བ་ཆགས་ཀྱི་ཡོད། ང་ཚོས་རིག་གནས་ཆེ་བ་ལྔ་ཞེས་བརྗོད་དུས་ནང་དོན་རིག་པ་ཞེས་ནང་པའི་གཞུང་ཆགས་ཡོད། སྤྱིར་བཏང་ཚད་མའི་འགྲོ་སྟངས་དེ་ཕྱི་ནང་ཐུན་མོང་བ་ཞིག་ཡིན། དེ་ནས་བཟོ་རིག་པ་དང་། གསོ་བ་རིག་པ། སྒྲ་རིག་པ། ཚད་མ་རིག་པ། ཞེས་ཟུར་དུ་ཕྱེ་ཡོད། ཚད་མའི་འགྲོ་སྟངས་འདི་ང་རང་ཚོའི་ནང་དོན་རིག་པ་དང་འབྲེལ་ནས་རྟགས་གསལ་གཏོང་རྒྱུ་ཕྱིན་པ་མ་གཏོགས་རིག་གནས་གཞན་དག་ནང་ལ་རྟགས་གསལ་གྱི་འགྲོ་སྟངས་འདི་དེ་སྔ་ང་ཚོར་བྱུང་མི་འདུག དེ་ང་ཚོའི་གསར་གཏོད་བྱེད་ཐུབ་ན་གཅིག་བྱས་ན་ཧ་ལམ་འཛམ་གླིང་འདིའི་སྟེང་ཤེས་ཡོན་སྤྲོད་སྟངས་དེ་རིགས་ལམ་གྱི་ཐོག་ནས་ཤེས་ཡོན་སྤྲོད་རྒྱུ་ཞིག་ང་ཚོས་གསར་གཏོད་བྱེད་སྲིད་པ་ཞིག་རེད། ཅེས་ཤེས་རིག་གི་ཚོགས་འདུ་ཚོགས་སྐབས་བརྗོད་རྒྱུ་བྱུང་། རིགས་ལམ་གྱི་འགྲོ་སྟངས་ཟེར་བ་དེ་ནང་པ་མིན་ནའང་ཆོས་མེད་མཁན་གྱི་མི་ཞིག་ཡིན་ནའང་། རིགས་ལམ་བསླབ་དགོས་རྒྱུ་རེད་འདུག བྱས་ཙང་ཧ་ལམ་འཛམ་གླིང་འདིའི་སྟེང་ཤེས་ཡོན་སློབ་སྦྱོང་སྤྲོད་སྟངས་ནང་རིགས་ལམ་གྱི་འགྲོ་སྟངས་འདི་གཅིག་བྱས་ན་ང་ཚོའི་གསར་གཏོད་བྱེད་སྲིད་པ་ཞིག་ཕལ་ཆེར་རེད། དེ་འདྲ་ཡིན་དུས་རིགས་ལམ་བསླབ་དགོས་ཀྱི་འདུག་ཅེས་བར་སྐབས་ཤིག་ནས་ངོས་ཀྱིས་འབོད་སྐུལ་བྱས་ཡོད། འབོད་སྐུལ་བྱས་པ་གཞིར་བཟུང་གི་ད་ལྟ་རྡ་ས་བཞུགས་སྒར་ལ་ཡོད་མཁན་སྐྱ་བོ་ཕོ་མོ་ཚོས་ནང་ནས་རྟགས་གསལ་གཏོང་རྒྱུ་འགོ་ཚུགས་ཏེ་ཡར་རྒྱས་ཤུགས་ཆེ་རུ་ཆེ་རུ་འགྲོ་གི་ཡོད་པ་ཞིག་མཐོང་བྱུང་བ་ཞེ་དྲག་ཡག་པོ་རེད། བསྔགས་བརྗོད་ཡོད།
ང་ཚོའི་དམིགས་ཡུལ་དེ་རིམ་པས་རིམ་པས་ཚད་མའི་རིགས་ལམ་གྱིས་དཔྱད་པ་བྱས་ནས་འགྲོ་སྟངས་འདི་སློབ་ཚན་ཚང་མའི་ནང་ལ་ཁྱབ་ཐུབ་པ་ཞིག་དང་། དེ་འདྲ་ཞིག་ག་ལེར་ཨོ་ཙམ་བྱུང་ན་འཛམ་གླིང་འདིའི་སྟེང་ཕལ་ཆེར་མིག་དཔེ་གསར་པ་ཞིག་སྟོན་ཐུབ་རྒྱུའི་དམིགས་ཡུལ་འཇོག་དགོས། སྒྲུབ་ཐུབ་དང་མ་ཐུབ་གནས་ཚུལ་ཁག་ཁག་རེད། སྒྲུབ་སྲིད་པ་ཞིག་ཡིན། དེར་བརྟེན་ཁྱེད་ཚོས་འབད་བརྩོན་བྱེད་དགོས་པ་དང་བསམ་བློའི་ནང་བང་སྒྲིག་དགོས་པ་ཞིག་ཡིན། ང་ཚོས་རིགས་ལམ་སྒྲུབ་དུས་བྱེད་སྟངས་དེ། ཐལ། ཕྱིར། ཞེས་ལབ་དུས་ཡིན་གཅིག་མིན་གཅིག་རྐང་པ་བརྡབ། ལག་པ་བརྡབ། ངེས་པར་དུ་བྱེད་དགོས་ཀྱི་ཡོད་མེད་བསམ་བློ་གཏོང་རྒྱུ་ཞིག་འདུག ཕལ་ཆེར་ཕྲུ་གུ་ཚོར་དཔེར་ན། འཛིན་གྲྭའི་ནང་ལ་མི་ཞིག་རྟགས་གསལ་ཡར་ལངས་ཏེ་གཏོང་དགོས་བྱུང་ན་ཕལ་ཆེར་སྤོབས་པ་ཆུང་བ་ཚོར་གཅིག་བྱས་ན་དཀའ་ངལ་འཕྲད་སྲིད་ཀྱི་རེད། དཔེར་ན། ངོས་རང་ལ་ཆ་བཞག་ན་ཡར་ལངས་ནས་རྟགས་གསལ་གཏོང་སྐབས་ཚ་འུར་འུར་ཞིག་བྱེད་ཀྱི་འདུག མར་བསྡད་དེ། ཐལ། ཕྱིར། ཞེས་ལབ་དུས་རོགས་པ་ཡོད་པ་དང་ལས་སླ་བ་འདུག བྱས་ཙང་ང་ཚོས་འཛིན་གྲྭའི་ནང་སློབ་དུས་ཡིན་གཅིག་མིན་གཅིག་ཡར་ལངས་ཏེ་རྟགས་གསལ་གཏོང་དགོས་ཀྱི་ཡོད་ན་མེད་ན། གཡས་གྲལ་གཡོན་གྲལ་བྱས་རྗེས་གཅིག་བྱས་ན་ལན་རྒྱག་མཁན་དེ་མི་གཅིག་དང་ཡང་ན་མི་གཉིས་ཀྱིས་ལན་བརྒྱབ་པ་ཡིན་ན་རྟགས་གསལ་གཏོང་མཁན་ཚོ་འཛིན་གྲྭའི་ནང་བསྡད་བསྡད་པའི་ཐོག་ནས་རྟགས་གསལ་བཏང་ན་ཕལ་ཆེར་ཕྲུ་གུ་སྤོབས་པ་མེད་མཁན་དང་སྔོན་ལ་ཏོག་ཙམ་ཤེས་ལ་མ་ཤེས་བྱེད་མཁན་ཚོར་ཕྲན་བུ་ལས་སླ་བ་ཡོང་གི་རེད་བསམ་གྱི་འདུག དེ་ནས་རིགས་ལམ་ཆགས་ནས་བརྩོན་ཤུགས་གང་ཙམ་སླེབས་ན་དེའི་མཚམས་ཡར་ལངས་ཏེ་རྟགས་གསལ་གཏང་ན་ཡར་རྒྱས་འགྲོ་གི་རེད། བྱས་ཙང་རྟགས་གསལ་གཏོང་སྐབས་ཚིག་རེ་རེ་ལབ་པ་དང་རྐང་པ་བརྡབ་པ་དང་ལག་པ་བརྡབ་པ་སོགས་བྱེད་དགོས་རྒྱུ་དེ་འདྲ་མེད།
ཕྱོགས་གཅིག་ནས་ནང་ཆོས་དང་གཞུང་ཆེན་བསླབ་དགོས་རྒྱུ་ཟེར་བ་དེ་ནང་ཆོས་ལ་དད་པ་ཡོད་མཁན་ཞིག་ཡིན་ན་ངེས་པར་དུ་ནང་ཆོས་ཤེས་པར་བྱེད་དགོས་པ་དང་ཤེས་པའི་དད་པ་ཞིག་དགོས། རིགས་ལམ་བསླབ་རྒྱུ་ཟེར་བ་དེ་ཆོས་པ་ཡིན་མིན་ལ་མ་ལྟོས་པར་ཤེས་ཡོན་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ཕྱིན་ཆད་ལ་རིག་པའི་དཔྱད་པ་བྱེད་སྟངས་དེ་ལ་ཕན་ཡོན་ཏན་ཏན་ཡོད། དེ་གནད་འགག་ཆེན་པོ་ཞེ་དྲག་རེད། སྔོན་མ་ཚན་རིག་སློབ་སྦྱོང་གདན་ས་དང་བཤད་གྲྭ་ཚོའི་ནང་གཞུང་ཆེན་ལྟ་མཁན་སོ་སོ་རང་མོས་ཀྱིས་དྲག་སྒྲུག་བརྒྱབ་སྟེ་ཚན་རིག་སློབ་སྦྱོང་སྤྲོད་རྒྱུ་ཞིག་ལོ་ཁ་ཤས་གོང་ལ་བཟོས་པ་རེད། དགེ་རྒན་མང་ཆེ་བ་དང་བླངས་རེད། ཚན་རིག་གི་སློབ་སྦྱོང་སྤྲོད་མཁན་མང་ཆེ་བ་ཨ་མི་རི་ཀ་ནས་ཡོང་བའི་དགེ་རྒན་དེ་ཚོ་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག གྲྭ་ཚང་ཁག་ནས་ཡོང་བའི་སློབ་གཉེར་བ་དེ་ཚོས་ཕྱོགས་གཅིག་ནས་དབྱིན་སྐད་ཤེས་ཀྱི་མེད་པ་དང་། གཉིས་ནས་ཨང་རྩིས་ཤེས་ཀྱི་མེད། ཡིན་ནའང་དཔྱད་པ་བྱེད་སྟངས་དེ་ཡག་པོ་ཞེ་དྲག་འདུག་ཅེས་དགའ་པོ་བྱེད་ཀྱི་འདུག དེ་ཡོང་བའི་རྒྱུ་མཚན་དེ་རྩོད་གྲྭའི་ཐོག་ནས་དཔྱད་པ་བྱེད་རྒྱུའི་རིག་པའི་འགྲོ་སྟངས་དེས་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད། བྱས་ཙང་རིགས་ལམ་བསླབ་རྒྱུ་དེ་ང་ཚོས་དམིགས་ཡུལ་རྒྱ་ཆེན་པོ་ཞིག་བཟུང་ནས་བྱེད་དགོས། འདི་བར་དུམ་བུ་གཅིག་ཡིན།
དེ་ནས་དེ་རིང་འདིར་ལོ་ཁ་ཤས་སྔོན་ནས་སློབ་ཕྲུག་ཚོར་གཙོ་བོར་དམིགས་ཏེ་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་ཞིག་འགོ་བཙུགས་པ་རེད། དེ་དག་ཡག་པོ་ཞེ་དྲག་བྱུང་སོང་། དེ་གལ་ཆེན་པོ་རེད། གང་ལགས་བརྗོད་ན་ཕྱོགས་གཅིག་ནས་ང་ཚོ་འགྲོ་བ་མི་ཞིག་ཡིན་ཕྱིན་ཆད་ལ་ལས་དང་པོ་བ་ཚང་མར་སྤྱིར་སེམས་ལ་ཉོན་མོངས་དུག་གསུམ་ཡོད་པ་ཞིག་ཆགས་ཡོད། འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་དྲུག་ཅུ་ལྷག་ཙམ་ཞིག་ཡོད་པ་དེ་དག་ལ་མིག་གཅིག་བལྟས་པ་ཡིན་ན། སོ་སོས་སྡུག་བསྔལ་བཟོས་ཏེ་རྙོག་གྲའི་ནང་ཚུད་པའི་མི་ག་ཚོད་འདུག སོ་སོ་མ་སྐྱིད་པ་དེས་སེམས་འཁྲུག་པ་དང་སེམས་འཁྲུག་པ་དེས་ཞེ་སྡང་ལངས། ཞེ་སྡང་ལངས་ནས་གསོད་རེས་གཏོང་མཁན་ག་ཚོད་མི་འདུག་གམ། འགོ་ཁྲིད་ཚོའི་ནང་ལ་ཡིན་ནའང་ཆགས་སྡང་གི་གཞན་དབང་དུ་གྱུར་པའི་དབང་གིས་མི་མང་པོ་ཕུང་ལ་སྦྱོར་མཁན་ག་ཚོད་འདུག མི་དུང་ཕྱུར་དྲུག་ཅུ་ལྷག་ཙམ་ཡོད་པ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་ཤ་སྟག་རེད། ཡིན་ནའང་འདོད་པའི་དོན་དེ་ཇི་མ་ཇི་བཞིན་ཞིག་མ་སྒྲུབ་པ་དང་མི་འདོད་པའི་སྡུག་བསྔལ་དེ་ཆུའི་གཉེར་མ་བཞིན་རྫོགས་རྒྱུ་མེད་པ་ཞིག་ཡོང་བ་དང་། ད་དུང་སྔར་མ་གྲགས་པའི་སྡུག་བསྔལ་གྱི་རྐྱེན་རྩ་གསར་པ་དེ་འདྲ་དེང་སང་ཡོང་བཞིན་པ་དེ་དག་ལ་ཡག་པོ་བྱས་ནས་བསམ་བློ་བཏང་ན་རང་བཞིན་གྱི་འཕྲུལ་འཁོར་དང་འཕྲུལ་ཆས་ཤིག་ཡོད་པའི་རྐྱེན་གྱི་རྙོག་གྲ་དེ་འདྲ་བྱུང་བ་ཞིག་མ་རེད། འཕྲུལ་ཆས་དེ་དག་བེད་སྤྱོད་བྱེད་མཁན་གྱི་མི་དང་མིའི་རྩ་བ་སེམས་འདུལ་མ་ཐུབ་པའི་ཐོག་ནས་ཆ་རྐྱེན་དེ་དག་བེད་སྤྱོད་བྱེད་སྟངས་ཀྱིས་ཆགས་སྡང་དང་གཞན་དབང་དུ་གྱུར་བའི་ཐོག་ནས་བེད་སྤྱོད་བྱས་པར་བརྟེན་འཕྲུལ་ཆས་ཀྱི་རྐྱེན་པའི་རྙོག་གྲ་མང་པོ་ཞིག་ཡོང་གི་ཡོད། དེ་འདྲ་ཡིན་དུས་ཐུག་ས་དེ་སེམས་འདུལ་དང་མ་འདུལ་སྟེང་ཐུག་གི་ཡོད། བྱས་ཙང་མི་དུང་ཕྱུར་དྲུག་ཅུ་ལྷག་ཙམ་ཡོད་པ་དེ་དག་གི་སེམས་ཉོན་མོངས་དུག་གསུམ་གྱི་གཞན་དབང་དུ་གྱུར་པ་ཞིག་ཡིན་དུས་ཉོན་མོངས་དུག་གསུམ་ལ་སྐྱོན་དུ་མཐོང་རྒྱུའི་ངོ་སྤྲོད་ཅིག་མེད་པར་སོང་ཉོན་མོངས་དུག་གསུམ་དང་ཆགས་སྡང་དང་དུ་བླངས་བའི་འབྲས་བུར་རྙོག་གྲ་དེ་འདྲ་ཡོང་གི་ཡོད་པ་ཕལ་ཆེར་གསལ་པོ་རེད། སྤྱིར་ཆོས་ལུགས་གཞན་དག་ཚོའི་ནང་ལ་ཡིན་ནའང་ཁོང་ཁྲོ་བྱེད་རྒྱུ་མེད་པ་དང་། བཟོད་པ་སྒོམ་རྒྱུ། ཕན་སེམས་བྱེད་རྒྱུ། སྙིང་རྗེ་སྒོམ་དགོས་ཞེས་ཆོས་ལུགས་ཚང་མའི་ནང་ཤོད་ཀྱི་ཡོད། གཙོ་བོ་དེ་དད་པའི་ཐོག་ནས་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ལ་དད་པ་བྱེད་རྒྱུ་དང་། དེ་ཡང་རང་ལུགས་ཀྱི་དཔེར་ན། ཁ་ཆེ་ཡིན་ན་ཨ་ལྷ་དང་། ཡེ་ཤུ་ཡིན་ན་ God དཀོན་མཆོག་དེ་དང་མཚོན་པའི་ཧིན་ཌུ་ཡིན་ན་ Brahma ཞེས་པ་སོགས་སོ་སོའི་དཀོན་མཆོག་ལ་ཡིད་ཆེས་བྱས་ནས་ཆགས་སྡང་ཤུགས་ཆུང་རུ་གཏོང་རྒྱུ་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་ཆགས་སྡང་ཁོ་རང་ལ་ཁ་ཐུག་མཛུབ་མོ་བཙུགས་ཏེ་རྙོག་གྲ་འདིས་ཟོ་ཡི་འདུག་ཅེས་བརྗོད་མཁན་དེ་ཕལ་ཆེར་ཧིན་ཌུའི་ཆོས་དང་ནང་པའི་ཆོས། དེའི་ནང་ནས་ནང་ཆོས་དེ་གཙོ་བོ་རེད་འདུག འཛམ་གླིང་འདིའི་སྟེང་ཆོས་ལུགས་འདྲ་མིན་མང་པོ་ཞིག་ཡོད་པས་བྱམས་པ་དང་། བརྩེ་བ། བཟོད་པ། ཆོག་ཤེས་ཞེས་ཚང་མས་ཤོད་ཀྱི་ཡོད། ཡིན་ནའང་རྙོག་གྲ་བཟོ་མཁན་ཉོན་མོངས་དུག་གསུམ་ཟེར་བ་དེར་མཛུབ་མོ་འཛུགས་མཁན་དེ་ནང་པའི་ཆོས་གཙོ་བོ་རེད། ཉོན་མོངས་དུག་གསུམ་གྱི་ནང་ནས་ཀྱང་དུག་གི་རྩ་བ་ལྟ་བུ་དེ་གཏི་མུག་ལ་བརྩིས་ནས་གཏི་མུག་སེལ་ཐབས་ཀྱི་ཐབས་ཤེས་གཙོ་བོ་བྱེད་རྒྱུ་དང་། གཏི་མུག་ཟེར་རྒྱུ་མིང་ཁོ་རང་གཏི་གཏུག་དང་ཡིད་མུག་དེ་འདྲ་ཆགས་ཡོད། གཏི་ཞིང་མུག་ཅེས་མི་ཤེས་པའི་བློ་ཞིག་ཡིན་པ་དང་དེ་ལ་ཤེས་རབ་ཀྱི་ཐོག་ནས་སེལ་ཐབས་བྱེད་པ་མ་གཏོགས་དད་པ་དང་སྙིང་རྗེ་སོགས་ཀྱི་སེལ་ཐུབ་ཀྱི་མེད། ཤེས་རབ་རྐྱང་པས་མ་གཏོགས་སེལ་ཐུབ་ཀྱི་མེད་པར་བརྟེན་ནང་པའི་ཆོས་ཀྱི་ནང་ཤེས་རབ་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད། ང་ཚོ་སངས་རྒྱས་པའི་ཆོས་པ་ཞིག་གི་ངོས་ནས་བཤད་ན་ང་ཚོ་ཕ་མེས་ནས་བཟུང་སངས་རྒྱས་པའི་ཆོས་བྱེད་མཁན་ཞིག་ཡིན་པའི་ངོས་ནས་སོ་སོར་གོ་སྐབས་ཡག་པོ་ཞིག་བྱུང་བ་རེད། གོ་སྐབས་དེ་བཟང་པོ་ཡིན་པ་ཤེས་པ་བྱས་ཏེ་བེད་སྤྱོད་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན། སངས་རྒྱས་པའི་ཆོས་འདི་རྩ་ཆེན་པོ་དང་། རླབས་ཆེན་པོ་ཡོད། འཛམ་གླིང་གི་མི་ཚང་མས་སངས་རྒྱས་པའི་ཆོས་འདི་བྱེད་དགོས་ཞེས་ནམ་ཡང་ཟེར་གྱི་མེད། དེ་འདྲ་ལབ་ནའང་ཕན་ཐོགས་མེད། ཆོས་ཞེས་པ་དེ་ཁྲལ་སྐུལ་རྒྱུ་མེད་ལ། དབང་ཡོད་ཤོད་རྒྱུ་མེད། ཆོས་ཟེར་བ་འདི་རང་གི་འདོད་པས་དང་དུ་བླངས་ནས་ཡོང་དགོས་པ་རེད། དེར་བརྟེན་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་དྲུག་ཅུ་ལྷག་ཙམ་ཡོད་པ་དེ་དག་གིས་ཆོས་ལ་དད་པ་བྱས་དང་མ་བྱེད་སོ་སོའི་རང་དབང་རེད། ཆོས་ལ་དད་པ་བྱས་ན་ཆོས་ག་འདྲ་ཞིག་ལ་དད་པ་བྱེད་རྒྱུ་དེ་སོ་སོའི་རང་དབང་རེད། ཡིན་ན་ནའང་ང་ཚོ་བོད་པར་ཆ་བཞག་ན་ང་ཚོ་ཕ་མེས་དུས་ནས་ནང་པ་ཆགས་ཡོད་པར་སོང་འཛམ་གླིང་འདིའི་སྟེང་ཉོན་མོངས་དུག་གསུམ་ལ་ཤིག་སེན་ར་སྤྲོད་བཏང་སྟེ་སྐྱོན་ལ་སྐྱོན་དུ་ངོ་སྤྲད་པ་ཙམ་མ་ཟད། སྐྱོན་དེ་གང་འདྲ་བྱས་ནས་ཡོང་གི་ཡོད་པ་དང་། དེའི་རྒྱུ་དང་རྐྱེན་གང་ཡིན་པ། དེའི་རྒྱུ་དེ་ལ་གཞི་རྩ་ཡོད་མེད་ཀྱི་རྩད་གཅོད་མཐིལ་ཕྱིན་པ་བྱས་ཏེ་ཐག་གཅོད་བྱས་པ་ལྟར་རེད། སྐྱོན་དེ་དག་ཆགས་སྡང་དབང་གི་ཡོང་གི་ཡོད་པ་དང་། ཆགས་སྡང་གི་རྩ་བ་གཏི་མུག་ཡིན་པ། གཏི་མུག་གི་རྩ་བ་བློ་ཕྱིན་ཅི་ལོག་ནས་ཡོང་གི་ཡོད་པ། དེས་ཇི་ལྟར་བཟུང་བ་བཞིན་དོན་ལ་གྲུབ་མེད་པ་དེ་ཚོའི་གྲས་འདི་གཞི་རྩ་རྩ་བ་ནས་ཡར་བླངས་ཏེ་དཔྱད་པ་བྱེད་རྒྱུ་ཞིག་འདུག ང་ཚོ་མི་དུང་ཕྱུར་དྲུག་ཅུ་ལྷག་ཙམ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་གྱུར་ཞིག་གི་ནང་ནས་ང་རང་ཚོ་སངས་རྒྱས་པའི་ཆོས་དང་འབྲེལ། དེ་དང་འཕྲད་པའི་མི་ཡིན་པས་གོ་སྐབས་དམིགས་བསལ་ཞིིག་ཆགས་ཡོད། དེའི་ཐོག་ནས་བསམ་བློ་ཞིག་བཏང་། གཉིས་ནས་ང་ཚོ་བོད་རིགས་ཀྱི་ངོས་ནས་བཤད་ན་བོད་མི་རིགས་སྤྱིའི་དོན་ལ་ཆ་བཞག་ནའང་སངས་རྒྱས་པའི་ཆོས་འདི་གལ་ཆེན་པོ་ཆགས་ཀྱི་ཡོད། ང་ཚོ་བོད་མི་བཙན་བྱོལ་བ་ཆགས་རྗེས་མགོ་སྟོད་ལ་སྐྱབས་མེད་མགོན་མེད་ཆགས་ཏེ། མི་ཚོས་སྙིང་རྗེའི་ཡུལ་ལྟ་བུ་ཞིག་ཆགས་ཡོད།
དེ་སྔ་ཡིན་ན་ཡང་ཕྱི་ལོ་ ༡༩༥༩ ཕན་ཆད་ཀྱི་དུས་ཚོད་ལ་ཆ་བཞག་ན། བོད་ཅེས་བརྗོད་སྐབས་ས་ཁུག་ལུང་ཁུག་ལྟ་བུ་ཞིག་དང་། བོད་ཀྱི་ཆོས་ཞེས་བརྗོད་སྐབས་མི་མང་པོ་ཞིག་གི་མཐོང་རྒྱུ་དེ་འབག་གྱོན་འཆམ་བརྒྱབ་པ་དེ་འདྲ་ཞིག་མཐོང་གི་ཡོད། བློ་བཟང་རམ་པ་ཟེར་བའི་དེབ་དེའི་ནང་ལ་ (Third Eye) མིག་གསུམ་པ་ཞེས་བོད་ཀྱི་ཆོས་དེ་གཤག་གཅོད་བཏང་ནས་མིག་གསུམ་པ་འཛུགས་རྒྱུ་ཡོད་པ་རེད་ཅེས་ཤོད་ཀྱི་ཡོད། ང་ཚོ་བོད་པའི་སངས་རྒྱས་ཀྱི་ཆོས་ལ་བླ་མའི་ཆོས་ཟེར་བའི་མིང་ཡང་ཐོགས་པ་དེ་འདྲ་བྱུང་ཡོད། རིམ་པས་ཕྱི་ལོ་ ༡༩༥༩ རྗེས་ལ་ང་ཚོ་མང་པོ་ཞིག་བཙན་བྱོལ་ལ་བསླེབས་པ་དང་འཛམ་གླིང་རང་དབང་ལུང་པར་བསླེབས་ཏེ་མི་མང་པོ་ཞིག་ཐུག་རྒྱུ་བྱུང་བ་དང་། ཕྱི་མི་རྩད་གཅོད་བྱེད་མཁན་ཚོ་ཡང་བོད་པའི་བཙན་བྱོལ་སྤྱི་ཚོགས་ནང་ཡོང་ནས་ཞིབ་འཇུག་བྱེད་རྒྱུའི་གོ་སྐབས་ཤིག་བྱུང་། དེ་འདྲ་བྱུང་རྗེས་གཞི་ནས་བོད་འདི་འཛམ་གླིང་འདིའི་སྒང་གི་བློ་གཟུ་བོར་གནས་པའི་ཐོག་ནས་རྣམ་དཔྱོད་བེད་སྤྱོད་བྱེད་མཁན་འདི་ཚན་རིག་པ་ཁ་ཤས་ཆགས་ཡོད། ངོས་ཀྱིས་དེ་འདྲ་མཐོང་གི་འདུག ཆོས་ལུགས་སོ་སོའི་ནང་གི་མི་ཚོས་སོ་སོའི་ཆོས་ལ་རྩེ་གཅིག་ཏུ་དད་པ་བྱེད་དུས་བློ་དེ་ཕྱོགས་སུ་ལྷུང་བའི་གཡའ་ཕྲན་བུ་ཡོད། དཔེར་ན། ང་རང་ཚོ་ནང་པ་ཞིག་གི་ངོས་ནས་བཤད་ནའང་ནང་པའི་ཆོས་ནས་བཤད་པ་རེད་ཅེས་ལམ་སེང་ཡིད་ཆེས་བྱེད་རྒྱུ་དང་ལམ་སེང་ཁས་ལེན་བྱེད་རྒྱུ་སོགས་བློ་ཕྲན་བུ་ཕྱོགས་སུ་ལྷུང་བའི་རྟགས་རེད། ཡེ་ཤུ་ཆོས་པར་ཆ་བཞག་ན་སོ་སོའི་ཡེ་ཤུའི་ཆོས་ལ་དགའ་ཞེན་བྱེད་དུས་རྒྱུ་མཚན་མཐོང་མིན་ལ་མ་ལྟོས་པར་འགྲོ་མཁན་ཞིག་ཡོང་གི་ཡོད། དེ་ཚོའི་གྲས་འདི་བློ་ཕྱོགས་སུ་ལྷུང་བ་རེད། ཕྱོགས་སུ་ལྷུང་བའི་སེམས་གདུང་བས། ཞི་བ་ནམ་ཡང་རྟོགས་མི་གྱུར། གསུངས་བ་འདི་རེད།
ང་རང་ཚོའི་སངས་རྒྱས་པའི་གཞུང་གི་ནང་། གཟུར་གནས་བློ་ལྡན་དོན་གཉེར་བ། ཉན་པོ་སྣོད་ཅེས་བྱ་བར་བཤད། བློ་གཟུ་བོར་གནས་པ་དགོས་ཀྱི་རེད་ཅེས་ཧ་ཅང་ནན་པོ་གསུང་གི་འདུག གལ་སྲིད་བློ་གཟུ་བོར་གནས་པ་ཞིག་མ་བྱུང་ན་བཅོམ་ལྡན་འདས་ཉིད་ཀྱི་བཀའ་ལ་ཡིན་ནའང་བཀའ་དྲང་ངེས་ཡོང་གི་ཡོད། བདག་མེད་པ་གཟུགས་གསུང་པ་དེ་ནང་པའི་ཆོས་ཡོངས་རྫོགས་བདག་མེད་པ་གསུང་གི་ཡོད་པ་རེད། འོན་ཀྱང་བདག་མེད་ཀྱི་གོ་བ་ཕྲ་རགས་མང་པོ་ཞིག་བཅོམ་ལྡན་འདས་རངཉིད་ཀྱིས་གསུངས་ཡོད། དེ་ཚོར་དཔྱད་པ་བྱེད་དགོས། སངས་རྒྱས་ཀྱི་བདག་མེད་པའི་ཆོས་གསུང་སྟངས་འདི་བདག་མེད་རགས་པར་གོ་དགོས། གང་ཡིན་ཞེས་ན་དེ་ལ་རིག་པའི་གནོད་པ་འདུག འོན་ན་དེ་བཅོམ་ལྡན་འདས་ཀྱི་ཅིའི་ཕྱིར་གསུང་པ་རེད་དམ་ཞེས་ན། དེ་ནི་བཅོམ་ལྡན་འདས་ཀྱི་གསུང་སའི་གདུལ་བྱའི་ནང་བདག་མེད་དེ་ཙམ་ཞིག་གོ་ཐུབ་མཁན་དང་བདག་མེད་དེ་ཙམ་ཞིག་སྒོམ་སྟེ་སེམས་ལ་འགུལ་བསྐྱོད་ཐེབས་ཐུབ་མཁན།
དེ་ལས་ཀྱང་ཕྲ་བའི་བདག་མེད་སྒོམ་པ་ཡིན་ན་ཆད་མཐའ་རུ་འགྲོ་རྒྱུའི་བའི་ཉེན་ཁ་ཡོད་མཁན་དེ་ལ་གཞན་དག་གསུང་གི་ཡོད་པ་མ་རེད། ཁོང་ལ་བདག་མེད་རགས་པ་གསུངས་བ་དེས་ཕན་གྱི་ཡོད། བྱས་ཙང་དགོས་པ་ཤེས་པའི་ཐོག་ནས་བདག་མེད་རགས་པ་བསྟན་པའི་མདོ་འདི་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ནང་པ་རིགས་གཅིག་ལ་ཕན་གྱི་ཡོད་པ་རེད། ཡིན་ནའང་དེ་ཙམ་གྱི་བཅོམ་ལྡན་འདས་ཀྱི་དགོངས་པ་མཐར་ཐུག་མ་རེད་ཅེས་རིག་པའི་དཔྱད་དགོས་ཀྱི་ཡོད། བཅོམ་ལྡན་འདས་ཀྱི་བཀའ་རེད། བསླུ་བ་ཁྱོན་ནས་མེད་ཅེས་ལབ་ན་བཀའ་དེ་ཇི་མ་ཇི་བཞིན་ཁས་བླང་དགོས་བྱུང་ན་མ་བདེ་བ་ཞིག་ཆགས་ཀྱི་རེད། དེ་འདྲ་ཡིན་དུས་ནང་པའི་ཆོས་ཀྱི་ནང་དུ་ནང་པའི་ཆོས་ཀྱི་འགྲོ་སྟངས་འདི་ནང་པ་རང་གི་བསམ་བློ་གཏོང་སྐབས་བློ་གཟུ་བོར་གནས་པ་ཞིག་དགོས་རྒྱུ་དེ་གལ་ཆེན་པོ་གསུང་གི་ཡོད། ཚན་རིག་པ་ཚོ་བློ་གཟུ་བོར་གནས་པ་རེད། ཚན་རིག་པ་ཡང་མིང་ཚན་རིག་གི་མིང་བཏགས། དོན་དག་དེ་ཚན་རིག་གི་དཔྱད་པ་བྱེད་སྟངས་མེད་མཁན་གུང་ཁྲན་གྱི་ཚན་རིག་པ་དེ་དག་ཁྱད་མཚར་ཞིག་རེད། དཔེར་ན། རྒྱ་མིས་རྟག་པར་ཚན་རིག་དང་མཐུན་པ་ཟེར་བ་དེ་གོ་རྒྱུ་དེ་གུང་ཁྲན་ཏང་ལ་ག་རེ་དགོས་པ་དེ་ཁོ་ནའི་སྟེང་ལ་འགྲོ་རྒྱུ་རེད་མ་གཏོགས་ (Complete and open Investigation) བློ་ཆ་ཚང་སྒོ་མོ་ཕྱེ་སྟེ་བརྟག་དཔྱད་བྱེད་ཀྱི་མེད། དེ་ཚོའི་གྲས་དེ་གནས་ཚུལ་ཁག་ཁག་རེད། ཚན་རིག་པ་ངོ་མའི་གྲས་དེ་དངོས་གནས་བློ་གཟུ་བོར་གནས་པའི་ཐོག་ནས་བརྟག་དཔྱད་བྱས། ཚན་རིག་པའི་བརྟག་དཔྱད་བྱེད་སྐབས་བླང་དོར་ལེགས་ཉེས་ཀྱི་སྐད་ཆ་གང་ཡང་མེད། ནང་པའི་གཞུང་ནང་ལ་དཔྱད་ཡོང་དུས་བླང་དོར་གྱི་སྐད་ཆ་མ་རེད། བླང་དོར་སྐད་ཆ་འདི་དཔྱད་ཚར་བའི་རྗེས་སུ་གཞི་ནས་དཔྱད་པ་བྱས་ནས་སྒྲུབ་དོན་ཞིག་ཆགས་དུས་དེ་ཕན་དང་གནོད་ག་རེ་འདུག་བསམ་བློ་བཏང་ནས་འགྲོ་རྒྱུ་ནི་རིམ་པ་གཉིས་པ་རེད། རིམ་པ་དང་པོ་དེ་དཔྱད་པ་བྱེད་སྐབས་ལེགས་དང་ཉེས། བླང་དང་དོར་གྱི་སྐད་ཆ་གང་ཡང་མེད་པར་དངོས་ཡོད་གནས་ཚུལ་ག་རེ་ཡིན་པ་དེ་ལ་དཔྱད་པ་བྱེད་རྒྱུ་ནི་ཚན་རིག་པའི་དཔྱད་པ་བྱེད་སྟངས་རེད།
ཕྱི་ལོ་ ༡༩༧༠ ནས་རིམ་པས་འབྲེལ་བ་བྱུང་སྟེ་ཕྱི་ལོ་ ༡༩༨༠ ནང་ལ་ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱས་ཏེ་ཚན་རིག་པ་བློ་ཕྱོགས་སུ་མ་ལྷུང་བ། སྙན་གྲགས་དང་ཆ་འཇོག་ཡོད་པ་དེ་འདྲའི་ཚན་རིག་པ་དོ་སྣང་བྱེད་མཁན་མང་པོ་ཞིག་གིས་བོད་ཀྱི་ནང་ཆོས་ལ་དོ་སྣང་གསར་པ་ཞིག་བྱེད་ཀྱི་འདུག དེ་ང་ཚོས་བོད་པའི་ནང་ཆོས་ལ་དོ་སྣང་བྱེད་རོགས་ཞེས་དངུལ་སྤྲད་པ་དེ་འདྲ་མ་རེད་ལ་སྤྲོད་ཐུབ་རྒྱུ་ཡང་མེད། ཡང་གུང་ཁྲན་གྱིས་བྱས་པ་ལྟར་དབང་ཡོད་བཤད་པའང་མིན། སྔ་མོ་ནས་ངོས་ཀྱིས། རང་ལ་རིན་ཐང་ཡོད་ན་གོང་ཐང་མིས་རྒྱག་གི་རེད། ཅེས་ཤོད་རྒྱུ་དེ་དངོས་གནས་རེད་འདུག སྤྱིར་སངས་རྒྱས་པའི་ཆོས་དང་ཡང་སྒོས་ང་ཚོ་བོད་ཀྱི་སངས་རྒྱས་པའི་ཆོས་འདི་དཔལ་ནཱ་ལེྡ་ནས་ཡོང་བའི་སངས་རྒྱས་པའི་ཆོས་ཞིབ་ཕྲ་སྔོན་དུ་བརྗོད་པ་ལྟར་ནང་དོན་རིག་པའི་དཔེར་ན་འདུལ་བའི་མཉམ་ལེན་དང་ཡང་ན་མངོན་པ་འོག་མ་དེ་ཙམ་གྱི་གཞུང་ཞིག་ཡིན་ན་པ་ལི་དང་ཐུན་མོང་བ་ཆགས་ཀྱི་ཡོད། དེ་མ་ཡིན་པ་དེའི་སྒང་ལ་མངོན་པ་གོང་མ་དང་། ལྷག་དོན་ཕར་ཕྱིན་གྱི་གཞུང་། དབུ་མའི་གཞུང་། ཚད་མའི་གཞུང་ཟུར་དུ་ཡོད་པ་དེ་རྣམས་བརྒྱབ་ཡོང་དུས་ཕལ་ཆེར་པ་ལིའི་ནང་ཆོས་ལས་རྒྱ་ཆེ་རུ་ཕྱིན་པ་གསལ་པོ་ཞེ་དྲག་རེད། དེ་བཞིན་ལེགས་སྦྱར་གྱི་ཆོས་བརྒྱུད་གཅིག་པ་ཡིན་པ་གང་ཞིག་ལ་རྒྱ་ནག་གི་ནང་ཆོས་ལས་ཟབ་ཏུ་ཕྱིན་པ་རེད། རྒྱ་ནག་གི་ནང་ཆོས་ནང་ལ་ཚད་མའི་གཞུང་བསྒྱུར་མི་འདུག སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་ཆོས་གྲགས་ཀྱི་ཚད་མའི་གཞུང་རྣམས་ཕལ་ཆེར་རྒྱ་ཡིག་ནང་ད་ལྟའང་མེད་པ་འདྲ། དེ་བཞིན་མཁན་ཆེན་ཞི་བ་འཚོའི་ཤི་ཚུལ་ཡབ་སྲས་ཀྱི་ཚད་མའི་གཞུང་དེ་ཚོའི་གྲས་རྒྱ་ཡིག་ནང་ལ་ཡོད་པ་མ་རེད།
དབུ་མའི་གཞུང་ལ་ཆ་བཞག་ནའང། ངོས་ཀྱི་ཤེས་པ་ཟླ་བ་གྲགས་པའི་དབུ་མ་ཚིག་གསལ་གལ་ཆེ་ཤོས་ཤིག་རེད། དེ་ཡང་རྒྱ་ཡིག་ནང་མེད་པ་མ་རེད། བྱས་ཙང་རྒྱ་ཡིག་ནང་ལ་མེད་པ་རྣམས་ཀོ་རི་ཡ་དང་། ཉི་ཧོང་། ཝི་ཏི་ནམ་མི་སི་ནང་ལའང་མེད། གང་ལ་ཟེར་ན། ཀོ་རི་ཡ་དང་། ཝི་ཏི་ནམ། ཉི་ཧོང་ནང་ལ་ཡོད་པ་དེ་ཚོ་རྒྱ་ཡིག་ནས་བྱུང་བ་ཞིག་ཡིན། ང་ཚོ་བོད་ལ་ཡོད་པ་རྣམས་ནཱ་ལེྡའི་མཁས་པས་བརྩམས་པའི་གཞུང་ཆ་ཚང་བ་ཞིག་ང་ཚོ་བོད་སྐད་ནང་ཡོད་པ་དང་བོད་ཀྱི་ནང་ཆོས་ནང་བསླེབས་ཡོད་པ་ཞིག་ཆགས། ལྷག་པར་བོད་ལ་སངས་རྒྱས་ཀྱི་ཆོས་དང་པོ་འཛུགས་མཁན་དེ་མཁན་ཆེན་ཞི་བ་འཚོ་རེད། མཁན་ཆེན་ཞི་བ་འཚོས་བོད་ཀྱི་ནང་ཆོས་བཙུགས་ཡོང་དུས་ཁོང་རང་དབུ་མའི་ལྟ་བ་སྨྲ་མཁན་གྱི་ Philosopher གཅིག་དང་། དེ་བཞིན་ཚད་མའི་གཞུང་ལ་ཧ་ཅང་གི་མཁས་པ་ཞིག་ཡིན་དུས། དཔེར་ན། ཁོང་གི་དབུ་མ་རྒྱན་བལྟས་པ་ཡིན་ན་མགོ་དེ་རང་ནས་རྟགས་གསལ་བཏང་ནས་འཁྲིད་ཡོང་གི་འདུག རྩ་བའི་དབུ་མའི་གཞུང་མང་ཆེ་བ་དེ་འདྲ་རེད། ཁོང་གི་དགེ་ཕྲུག་སློབ་དཔོན་ཀ་མ་ལ་ཤཱི་ལ་བཀའ་དྲིན་ཆེན་པོ་རེད། ང་ཚོས་ནམ་རྒྱུན་རྒྱའི་ཧཱ་ཤང་དང་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བའི་ཆ་ནས་རྩོད་པ་རེད་ཅེས་རྩལ་བཏོན་ནས་གསུང་གི་འདུག་པ་དེ་ཡང་ཡིན་གྱི་རེད། ཡིན་ནའང།གཙོ་བོ་དེ་རྒྱ་ཡི་ཧཱ་ཤང་ཚོས་བསམ་གཏན་སྒོམ་པ་གཙོ་བོ་བྱེད་རྒྱུ་ཞིག་དང་། ཡང་ན་དག་ཞིང་ཞེས་བརྗོད་ན་དག་ཞིང་གི་སྐྱེས་རྒྱུའི་མདོ་དེ་ཚོའི་གྲས་མར་བཏོན་པ་དེ་འདྲའི་ཐོག་ནས་མ་གཏོགས་གཞུང་མང་པོ་སྦྱོང་རྒྱུ་ཞིག་དང་དཔྱད་པ་བྱེད་རྒྱུར་དེ་ཙམ་གྱི་དོ་སྣང་མ་བྱེད་པའི་ཕྱག་སྲོལ་ཞིག་འདུག དེ་འདྲ་ཞིག་གི་ཕྱག་སྲོལ་ཚུགས་རྒྱུའི་ཉེན་ཁ་ཞིག་སླེབས་དུས་མཁན་ཆེན་ཞི་བ་འཚོས་བཀའ་སློབ་ནང་བཞིན་སློབ་དཔོན་ཀ་མ་ལ་ཤཱི་ལ་ཕེབས་ནས། སྒོམ་རིམ་ཐོག་མཐའ་བར་གསུམ་ནང་བལྟས་ན་ཤེས་ཀྱི་རེད། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་རྟོག་དཔྱོད་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུང་རྒྱུ་དེ་རེད། ཅི་ཡང་ཡིད་ལ་མི་བྱེད་པ་དགག་པ་ཡིན་གྱི་རེད། ཡིན་ནའང་གཙོ་བོ་དེ་སྒོམ་བསམ་གཏན་བསམ་ན་འགྲིག་གི་རེད་ཅེས་པ་དེས་དམིགས་ཕུགས་དེ་ཡང་དགོས་ཀྱི་ཡོད་ཀྱང་། དེ་ཙམ་གྱི་འགྲིག་གི་མ་རེད་ཅེས་གསུང་བཞག་པ་དེ་ཕལ་ཆེར་བོད་ཀྱི་ནང་ཆོས་དུས་ད་ལྟ་བར་དུ་གཞུང་ཆེན་བསླབ་རྒྱུ་དང་ལྷག་པར་ཚད་མའི་གཞུང་བསླབ་རྒྱུ་གལ་ཆེན་པོ་བརྩི་རྒྱུ་དེ་བྱུང་བ་རེད། བོད་པ་རང་གི་ཆ།པ།ཆོས།སེང།ཁོང་ཚོའི་གྲས་ཀྱིས་ཚད་མའི་གཞུང་ལ་དམིགས་བསལ་དོ་སྣང་གནང་། རྟགས་གསལ་གཏོང་སྟངས་དེ་ཚོའི་གྲས་ཀྱང་གཅིག་བྱས་ན་ཆ་པ།ཆོས།སེང།སྐབས་ནས་བྱུང་བ་ཡིན་ན་འགྲོ་སྟངས་ལྟ་བུ་ཞིག་བོད་པ་རང་ནས་ཕལ་ཆེར་གསར་གཏོད་བྱས་ཡོད་པ་རེད་འདུག ཡིན་ནའང་རྟགས་དང་གསལ་བ་བཀོད་ཅེས་པའི་འགྲོ་སྟངས་དེ་དག་ཚད་མའི་གཞུང་ནང་ཡོད་པ་དེ་ཡིན། དེ་འདྲ་ཡིན་དུས་འཛམ་གླིང་འདིའི་ཐོག་གཞི་ནས་བློ་གཟུ་བོར་གནས་པའི་ཤེས་ཡོན་ཅན་ཚོས་དོ་སྣང་བྱེད་སའི་ཡུལ་གཅིག་བོད་ཀྱི་སངས་རྒྱས་པའི་ཆོས་དེ་ཆགས་ཡོད། དེར་བརྟེན་ང་ཚོ་བོད་མི་ཞིག་ཡིན་པའི་ངོས་ནས་སོ་སོར་བོད་པའི་སྤོབས་པ་བསླེབ་རྒྱུ་དང་བོད་པའི་མཐོང་དང་རིན་ཐང་བསླེབ་རྒྱུ་དེ་ཡང་བོད་ཀྱི་ནང་ཆོས་ཀྱི་ཐོག་ནས་བསླེབ་རྒྱུ་ཞིག་རེད་འདུག གཞན་ང་ཚོ་བོད་པའི་ཁ་ཟས་སྤགས་དང་། ཤ་སྐམ་པོ། ཤ་དམར་འདུར། རྒྱུ་མ། འཁྱགས་ཤ་བཟའ་རྒྱུ་སོགས་ཀྱི་འཛམ་གླིང་འདིའི་ཐོག་སྐད་གྲགས་ཆགས་རྒྱུ་དང་ཁྱད་ཆོས་བསླེབ་རྒྱུ་གང་ཡང་མེད། སྤགས་ཐང་ཁུག་ནང་ཚ་བོ་ཡག་པོ་ཡོད་པ་རེད། དངོས་གནས་འཛམ་གླིང་འདིའི་སྒང་ལ་བོད་པའི་སྨན་འདི་ཕལ་ཆེར་ཡག་པོ་རེད། ལྷག་པར་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱི་ནང་ནས་ནང་དོན་རིག་པ་དེ་ཡང་ཆ་ཚང་བ་ཞིག་ཡོད་པ་དང་། ལྷག་པར་དུ་ནང་དོན་རིག་པ་གཏན་ལ་ཕབ་སྟངས་འདི་ཚད་མ་རིག་པའི་ཐོག་ནས་གཏན་ལ་ཕབ་རྒྱུ་ཡོད་པ་དེ་བོད་ཀྱི་ནང་ཆོས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་རེད། དེ་ང་ཚོ་འཛམ་གླིང་འདིའི་སྒང་ལ་ངོམ་ཆོག་པ་ཞིག་ཆགས་ཀྱི་འདུག དེ་འདྲ་ཞིག་གི་ངོམ་ཆོག་པ་ཆགས་དུས་བོད་པའི་སྐད་ཡིག་དེ་སངས་རྒྱས་པའི་ཆོས་ཆ་ཚང་བ་དང་། ཚད་མའི་གཞུང་དང་དབུ་མའི་གཞུང་དེ་ཚོ་ཆ་ཚང་བ་ཡོད་པའི་ནང་ཆོས་དེ་འགྲེལ་བཤད་རྒྱག་རྒྱུའི་ཡི་གེ་དེ་བོད་ཡིག་མ་གཏོགས་འཛམ་གླིང་འདིའི་སྒང་ལ་སྐད་ཡིག་གཞན་གཅིག་ཀྱང་མེད། སྔ་མོ་བོད་ཡིག་ནང་ལ་ཡོད་པའི་བཀའ་འགྱུར་བསྟན་འགྱུར་གྱི་གཞུང་དེ་ཚོ་མང་ཆེ་བ་ལེགས་སྦྱར་ནང་ཡོད། ལྷག་པར་དུ་བསྟན་འགྱུར་གྱི་གཞུང་དེ་དག་ལེགས་སྦྱར་ནང་ཡོད་པ་རེད། བསྟན་འགྱུར་གྱི་གཞུང་དབུ་ཚད་ཀྱི་གཞུང་གཙོ་ཆེ་བ་དེ་ཚོ་ལེགས་སྦྱར་ནང་ཡོད། ཡིན་ནའང་དེང་སང་ལེགས་སྦྱར་གྱི་ཐོག་ནས་འགྲེལ་བཤད་ཆ་ཚང་རྒྱག་ཐུབ་མཁན་མེད་པ་རེད། དེ་འདྲ་ཞིག་བསམ་བློ་གཏོང་སྐབས་སངས་རྒྱས་པའི་ཆོས་ཀྱི་གཟི་བརྗིད་དེ་བོད་ཡིག་ནང་ནས་ཐོན་ཡོང་དུས་བོད་ཡིག་ལ་མཚན་མཐོང་སླེབས་ཡོང་གི་འདུག བོད་ཡིག་གི་རྣམ་དཔྱོད་དེ་ཐོན་ཡོང་གི་འདུག དེར་བརྟེན་ཆོས་བསླབ་དགོས་རེད་ཅེས་བརྗོད་དུས་དེ་ལས་ཀ་མེད་པའི་ལས་ཀ་རེད་བསམ་པ་དྲན་ན་ནོར་འཁྲུལ་རེད། བོད་མི་རིགས་དེ་དངོས་གནས་འཛམ་གླིང་འདིའི་སྒང་ལ་མི་དུང་ཕྱུར་དྲུག་ཅུ་ལྷག་ཙམ་ཡོད་པའི་ནང་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་འཐོན་རྒྱུར་བོད་ཀྱི་སངས་རྒྱས་པའི་ཆོས་དེ་གལ་ཆེན་པོ་ཆགས་ཡོད། བྱས་ཙང་མི་རིགས་ཤིག་གི་ངོས་ནས་བཤད་པ་ཡིན་ནའང་ཡང་བོད་ཀྱི་སངས་རྒྱས་པའི་ཆོས་དེ་གནད་འགག་ཆེན་པོ་ཡིན། ཚད་མའི་གཞུང་དང་དབུ་མའི་གཞུང་དེ་ཚོ་སློབ་སྦྱོང་སྤྲོད་རྒྱུ་ཞེས་པ་དེར་ང་ནང་པ་མིན། དེ་ལ་སློབ་སྦྱོང་བྱས་དང་མ་བྱེད་མི་འདུག་བསམ་པ་དེ་ནོར་འཁྲུལ་རེད།
ནང་པའི་ཆོས་ཀྱི་ནང་ནས་བྱང་ཆུབ་སེམས་སྒོམ་རྒྱུ་དང་ངེས་འབྱུང་སྒོམ་རྒྱུ་ཞེས་པ་དེ་ཚོ་ནང་པ་ཞིག་གི་བྱེད་རྒྱུ་རེད། དེ་མིན་གྱི་ཆོས་ཡིན་ལུགས་ལྟ་དགོས་རྒྱུ་དཔེར་ན། སྔོན་དུ་ང་ཚོས་ཤེས་བྱ། གཞི་གྲུབ་ཅེས་བརྗོད་པ་དེ་ཚོའི་གྲས་ཀྱིས་ཤེས་བྱའི་རྣམ་གྲངས་གཏན་ལ་ཕབ་ཡོང་གི་འདུག ཡུལ་གཞལ་བྱའི་རྣམ་གཞག་དང་ཡུལ་ཅན་ཤེས་པའི་རྣམ་གཞག་དེ་དག་ཤོད་ཀྱི་ཡོད། དེ་ཚོ་སྤྱིར་བཏང་ཤེས་བྱའི་ནང་སླེབས་ཀྱི་ཡོད། དེར་སློབ་སྣྱོང་བྱེད་རྒྱུར་ཆོས་ཀྱི་སློབ་སྦྱོང་བྱེད་དགོས་མེད། དེ་ཁྱེད་རང་ཚོས་ཤེས་དགོས། དེ་འདྲ་ཡིན་དུས་བར་སྐབས་ནས་ཚན་རིག་པ་དང་མཉམ་དུ་འབྲེལ་བ་མང་པོ་ཞིག་ཡོང་དུས་ང་ཚོ་ཚོགས་འདུ་ཚོགས་སྐབས་ཚན་རིག་པ་མང་པོ་ཞིག་གིས་མིང་ཚིག་ Science and Buddhism Dialogue ཞེས་པའི་ཚིག་དེ་ཏག་ཏག་སྡོད་ཀྱི་མི་འདུག ངོས་ཀྱིས་དེ་ལ་ (Buddhism) ནང་ཆོས་ཟེར་རྒྱུ་མི་འདུག་ཅེས་ཤོད་ཀྱི་ཡོད། Buddhism བརྗོད་ན་ནང་ཆོས་ཡིན་པ་དང་། ད་ལྟ་ང་ཚོའི་འབྲེལ་བ་ཡོད་པ་དེ་ནང་ཆོས་ཀྱི་ནང་ནས་སྐྱེ་བ་སྔ་ཕྱི་དང་སྐུ་བཞིའི་བདག་ཉིད་ཀྱི་སངས་རྒྱས་ཟེར་བ་དེ་ཚོའི་སྐོར་ལ་ཚན་རིག་པའི་མཉམ་དུ་གོ་བསྡུར་གང་ཡང་བྱེད་ཀྱི་མེད། རྩ་བ་ནས་འབྲེལ་བ་མེད། ང་ཚོས་གོ་བསྡུར་བྱེད་རྒྱུ་དེ་སེམས་ཀྱི་འགྲོ་སྟངས་དེ་དག་སྐད་ཆ་ཤོད་ཀྱི་ཡོད། དེ་ཚོའི་གྲས་འདི་ཞིབ་ཕྲའི་ཐོག་ནས་བཤད་ན། སངས་རྒྱས་པའི་ཆོས་ནས་བཤད་པའི་ཚན་རིག གཞིའི་རྣམ་གཞག་གམ་ཤེས་བྱའི་རྣམ་གཞག་ཐོག་ཚན་རིག་ཅེས་ལབ་ན་འགྲིག་གི་འདུག དེ་སྡེ་ཚན་གཅིག་རེད། སྡེ་ཚན་གཉིས་པ་དེ་སངས་རྒྱས་པའི་ཆོས་ནས་བཤད་པའི་ལྟ་གྲུབ་ཀྱི་སྡེ་ཚན།
སྡེ་ཚན་གསུམ་པ་དེ་རྒྱུད་གདུལ་རྒྱུའི་ཐབས་ཤེས་ཀྱི་ལམ། སངས་རྒྱས་པའི་ཆོས། ཞེས་དུམ་བུ་གསུམ་དུ་ཕྱེ། སངས་རྒྱས་པའི་ཆོས་ནས་བཤད་པའི་ཚན་རིག གཞིའི་རྣམ་གཞག་ཤེས་བྱ་གཞིའི་རྣམ་གཞག་གི་སྡེ་ཚན་དེ་ཚན་རིག་པའི་མཉམ་དུ་གོ་བསྡུར་དང་འབྲེལ་བ་བྱེད་རྒྱུ་འདིའི་ཐོག་ནས་ཡོང་གི་ཡོད། ལྟ་གྲུབ་ནས་གང་ཙམ་འབྲེལ་བ་ཡོང་གི་ཡོད། སངས་རྒྱས་ཀྱི་ཆོས་དང་འབྲེལ་བ་གང་ཡང་མེད། དེ་འདྲ་ཡིན་དུས་དུམ་བུ་གསུམ་དུ་འབྱེད་རྒྱུར་ངོས་ཀྱི་གནད་འགག་ཅིག་མཐོང་བྱུང་། དེ་རིང་འདིར་ཆོས་དགེ་ཁ་ཤས་ཡོད་པ་རེད། ཁ་སྔོན་ཐུབ་བསྟན་སྦྱིན་པ་དང་དགྲ་འདུལ་གཉིས་ལ་སྐད་ཆ་བྱུང་། ཁ་སེང་ནས་ང་ཚོ་སྐད་ཆ་བྱུང་སྐབས་རིགས་ལམ་སློབ་སྦྱོང་སྤྲོད་སྟངས་དེ་དེང་སང་གི་སློབ་ཚན་གྱི་སྡེ་ཚན་ཡོད་པ་དཔེར་ན། ཚན་རིག་དང་། རྫས་འགྱུར་སོགས་ཀྱི་སྡེ་ཚན་ཡོད་པ་དེ་ཚོའི་ནང་སློབ་ཚན་དེ་དེ་རིང་སང་གི་སློབ་གྲྭའི་ནང་སློབ་རྒྱུའི་སྡེ་ཚན་དེ་ག་རང་བྱས། སྡེ་ཚན་འདི་གཞི་ལ་བཞག་ནས་མུ་གསུམ་མུ་བཞི་བསྒྲིག་རྒྱུ། ཁྱབ་མ་ཁྱབ་དང་། འགལ་མ་འགལ་བརྩི་རྒྱུའི་བརྗོད་གཞི་དེ་དེང་དུས་ཤེས་ཡོན་གྱི་སློབ་ཚན་ཞིག་བྱེད་དགོས་པ་དང་། ཁྲིད་སྟངས་དེ་རིགས་ལམ་དང་སྦྱར་ནས་ཁྲིད་རྒྱུ་ཞིག་བཟོ་དགོས་ཀྱི་འདུག་ཅེས་ངོས་ཀྱིས་ངོ་ཤེས་ཁག་གཅིག་ལ་འབོད་སྐུལ་བྱས་པ་ཡིན། དེ་ལ་ང་ཚོས་དམིགས་བསལ་དོ་སྣང་ཞིག་བྱེད་དགོས་ཀྱི་འདུག དེ་རིང་འདིར་ངོས་ཀྱིས་བརྗོད་འདོད་བྱུང་། བར་སྐབས་རྒྱ་གར་ནང་ལ་དོ་སྣང་གསར་པ་ཞིག་བྱུང་། ཁ་སེང་ངོས་རང་རྡོ་རྗེ་གདན་ལ་བཀའ་ཆོས་ཚར་ནས་ཨོ་རི་ས་བོད་པའི་གཞིས་ཆགས་ཡོད་སར་ཕྱིན་རྗེས་ཨོ་རི་སའི་རྒྱལ་ས་བྷུབ་ནེ་ཤི་ཝར་ལ་ཁྱུག་ཙམ་ཕྱིན་པའི་སྐབས་ཨོ་རི་ས་གཞུང་གི་སྡེ་ཚན་གཅིག་གིས་དམིགས་བསལ་དོ་སྣང་བྱས་ནས་བར་སྐབས་ཨོ་རི་སའི་ས་ཆའི་ནང་ནས་སྔར་གྱི་ནང་པའི་གནའ་ཤུལ་རྙེད་ཡོད་པ་དེ་འདྲའི་ཐོག་ལ་དོ་སྣང་ཞེ་དྲག་བྱེད་ཀྱི་འདུག དེའི་རྗེས་ངོས་རང་གུ་ཇུ་ར་ཊ་ནང་ལ་འགྲོ་སྐབས། ཁོང་ཚོ་མངའ་སྡེ་གཞུང་གིས་དམིགས་བསལ་དོ་སྣང་བྱས་ཏེ་གུ་ཇུ་ར་ཊ་ནང་སྔར་གྱི་ནང་པའི་དགོན་པ་ཆེན་པོ་ཞིག་གི་ཤུལ་དང་རིང་བསྲེལ་དེ་འདྲ་རྙེད་འདུག དེ་འདྲ་ཡིན་དུས་ས་ཆ་དེར་ཡང་ནང་ཆོས་ལ་དོ་སྣང་གསར་པ་ཞིག་བསླེབས་འདུག དེ་ནས་བྷི་ཧར་གཞུང་གིས་དམིགས་བསལ་དོ་སྣང་བྱས་ཏེ་ཉེ་ཆར་པ་ཊ་ནར་སངས་རྒྱས་ཀྱི་དུས་ཆེན་དང་བསྟུན་ནས་ནང་པའི་གཙུག་ལག་ཁང་གཅིག་བཞེངས། དེའི་མཐའ་རུ་སྒོམ་གྲྭ་དང་བཤད་གྲྭ་དེ་ཚོ་ཡང་གང་ཙམ་བརྩིགས་ཟིན་འདུག དེར་བརྟེན་ཁ་སྔོན་ངོས་ཀྱིས་བཀའ་བློན་ཁྲི་པར་ཡང་ཞུ་རྒྱུ་བྱུང་བ་ལྟར། ས་ཁུལ་དེ་ཚོར་ངོས་རང་སླེབས་སྐབས་ནང་པའི་ཆོས་ལ་ཁྱེད་རང་ཚོས་དོ་སྣང་བྱས་པ་དེ་ཡག་པོ་ཞེ་དྲག་རེད། ཡིན་ནའང་ནང་པའི་ཆོས་འདི་དུམ་བུ་གསུམ་ལ་འབྱེད་དགོས་པ་རེད། དེ་ཡང་ཁ་གསལ་བརྗོད་ན་ནང་ཆོས་ནས་བཤད་པའི་ཚན་རིག་དང་། ནང་ཆོས་ནས་བཤད་པའི་ལྟ་གྲུབ། ནང་པའི་ཆོས་ཞེས་དང་། དབྱིན་སྐད་ཐོག་ Buddhist Science, Buddhist Concept of Philosophy and Buddhist Religion བཅས་དུམ་བུ་གསུམ་དུ་ཕྱེ་ནས་ས་ཁུལ་དེ་ཚོ་ཚང་མར་ Buddhist Science དང་ Buddhist Concept of Philosophy གཉིས་ནི་ཤེས་ཡོན་གྱི་སྡེ་ཚན་རེད། ནང་ཆོས་ཞེས་བརྗོད་དུས་དེ་ནང་པ་ཚོས་དོན་དག་རེད། ནང་པ་གཅིག་ལ་འབྲེལ་བ་ཡོད་པ་ཞིག་རེད། ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་ཅེས་བརྗོད་ན་སྤྱི་ཡོངས་ཀྱི་ཤེས་བྱ་གཅིག་རེད་མ་གཏོགས། དེ་ནང་ཆོས་བྱེད་རྒྱུའི་སྐད་ཆ་གང་ཡང་མིན། བྱས་ཙང་ད་ལྟ་ཁོང་ཚོས་ནང་ཆོས་ལ་དོ་སྣང་བྱེད་མཁན་དེ་དག་གིས་བཤད་གྲྭ། ཡང་ན་སློབ་གཉེར་ཁང་བཙུགས་ནས་སློབ་གཉེར་བྱེད་རྒྱུ་དེ་ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་གཉིས་བསླབ་ན། དེ་ནི་ཤེས་ཡོན་རང་ཆགས་ཡོད་པ་རེད་མ་གཏོགས་ཆོས་བསླབ་པ་ཆགས་ཀྱི་མེད། དེ་གལ་ཆེན་པོ་འདུག དེའི་ནང་ནས་ནང་པ་རང་གིས་ཆོས་ལ་དོ་སྣང་བྱེད་མཁན་བྱུང་ན་ནང་ཆོས་རང་བསླབ་རྒྱུ་ཡོང་གི་རེད། བྱས་ཙང་ནང་ཆོས་དངོས་སུ་ལག་ལེན་བསྟར་མཁན་ཞིག་ཡིན་ན་ནང་པའི་ཚན་རིག་དང་ལྟ་གྲུབ་ཤེས་པའི་ཐོག་ནས་ནང་ཆོས་ཉམས་ལེན་བྱེད་རྒྱུ་དེ་ཆགས་ཡོད། ཡིན་ནའང་ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་གཉིས་བསླབ་པ་ཙམ་གྱི་ནང་ཆོས་བསླབ་པར་མི་འགྲོ་བ་ཞིག་བཟོ་དགོས་ཀྱི་འདུག་ཅེས་ངོས་ཀྱིས་དེ་འདྲ་དྲན་གྱི་འདུག བྱས་ཙང་ངོས་ཀྱིས་བཀའ་བློན་ཁྲི་པར་ས་ཁུལ་དེ་ཚོའི་ནང་མི་ཚོས་དོ་སྣང་ཞེ་དྲག་བྱེད་ཀྱི་འདུག ངོས་ཀྱིས་འབོད་སྐུལ་བྱས་པ་ཡིན། དེ་འདྲ་ཡིན་དུས་ང་ཚོའི་ངོས་ནས་དགེ་རྒན་གྲ་སྒྲིག་བྱེད་དགོས་ཀྱི་འདུག དེ་ཡང་རྩ་བའི་གཞུང་ཆེན་བསླབ་པའི་མི་དེ་འདྲ་ང་ཚོར་བཏང་ཆོག་ཆོག་ཡོད་པ་རེད། ཡིན་ནའང་ཕྱོགས་གཅིག་ནས་སྐད། གཉིས་ནས་ངོས་ཀྱི་ནམ་རྒྱུན་ནང་ཆོས་དུམ་བུ་གསུམ་དུ་དབྱེ་བ་ཕྱེ་ནས་ཤོད་ཀྱི་ཡོད་སྟབས། ང་ཚོས་ཟབ་སྦྱོང་ཞིག་ཚུགས་ཏེ་དེའི་ནང་། དུམ་བུ་གསུམ་དེ་ཕྱེ་ནས་སློབ་སྦྱོང་ཞིག་སྤྲོད་ཐུབ་ན་ཞེས་ང་ཚོ་སྐད་ཆ་བྱུང་། དེར་བརྟེན་དེ་རིང་ངོས་ཀྱིས་ཁྱེད་རང་ཚོར་དེ་ལབ་འདོད་བྱུང་། གང་འདྲ་ཞིག་བྱས་ན་ཡག་པ་འདུག་གམ། སྒྲིག་འཛུགས་ལྟ་བུ་ཞིག་ནས་ཁུར་བླངས་ན་དགའ་བ་འདུག་གམ། གང་ལྟར་ངོས་ཀྱི་བསམ་བློ་གཏོང་རྒྱུ་དེ་ནང་ཆོས་ནས་བཤད་པའི་ཚན་རིག་ཅེས་བརྗོད་དུས་དེ་རིང་ཁྱེད་རང་ཚོས་རྟགས་གསལ་གཏོང་རྒྱུའི་ཤེས་བྱ། གཞི་གྲུབ་ཅེས་པ་བསྡུས་གྲྭ་དེེ་ཚོ་ཚན་རིག་ནང་འགྲོ་གི་རེད།
གང་ལྟར་མངོན་པའི་གཞུང་ནང་ལ་སྡུག་བདེན་གྱི་རྣམ་གཞག་ཅེས་གསུང་ཡོང་དུས། ཕྱིའི་འཇིག་རྟེན་དང་ནང་གྱི་འཇིག་རྟེན་གཉིས་བཤད་ནས་ཕྱིའི་འཇིག་རྟེན་ལ་སྣོད་ཀྱི་བཀོད་པ་དེ་དག་ཤོད་ཀྱི་ཡོད། བྱས་ཙང་མངོན་པ་གོང་འོག་གཉིས་ནང་འཇིག་རྟེན་གྱི་ཁམས་ཆགས་ཚུལ། རྡུལ་ཕྲ་རགས་ནས་འཛམ་གླིང་ཆགས་སྟངས་རྣམས་དེ་ནས་ཚུར་ལེན་རྒྱུ་འདུག དེ་ཚོ་ནང་པའི་ཚན་རིག་ནང་འགྲོ་གི་ཡོད། འབྱུང་བ་ལྔ་ལ་བརྟེན་ནས་ཡོང་བ་རྒྱུད་བླ་མ་ནས་གསུང་གི་འདུག དེ་བཞིན་སྔགས་ཀྱི་གཞུང་ནས་གསུང་གི་ཡོད། ནང་པའི་ཚན་རིག་བཤད་པའི་ནང་གི་ Science Of External Matter དེ་ནང་པའི་ཚན་རིག་གཅིག་བྱས། མངོན་པ་གོང་འོག་གཉིས་ནང་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས། ཁམས་བཅོ་བརྒྱད་ཅེས་དབྱེ་བ་ཕྱེ་བ་དེ་ཚོ་འདིའི་ནང་ཏག་ཏག་འགྲོ་གི་འདུག དེ་དུམ་བུ་གཅིག་བྱས། དེ་ནས་གཙོ་བོ་ Inner Science- Science of Mind ནང་སེམས་ཀྱི་ཚན་རིག་ཅེས་པ་དེ་སྤྱིར་རྒྱ་གར་གྱི་ཐུན་མོང་མ་ཡིན་པ་ཞིག་རེད། ཡང་སྒོས་ནང་པའི་ཐུན་མོང་མ་ཡིན་པ་ཞིག་རེད། དེ་སླེབས་དུས་མངོན་པ་གོང་འོག་ནས་སེམས་ཀྱི་རྣམ་གཞག་གསུངས་ཡོད་པ་དེ་དག་སྡེ་ཚན་གཅིག་ཡིན། དེ་ནས་སེམས་ཀྱི་རྣམ་གཞག་གསུང་རྒྱུའི་སྡེ་ཚན་དེའི་ནང་སྔགས་ནས་སེམས་ཕྲ་རགས་དབྱེ་བ་ཕྱེ་ནས་གསུངས་ཡོད་པ་དེ་ཚོ་ཁ་སྣོན་གཅིག་ཚུར་སྦྱར། གཅིག་བྱས་ན་རླུང་གི་འཕོ་སྟངས་དེ་ཚོ་ཡང་ཤེས་བྱ་གཞིའི་རྣམ་གཞག་ནང་ལ་ཕལ་ཆེར་བརྗོད་ཐུབ་ཀྱི་རེད། མདོ་སྡེ་བཤད་པའི་སྐབས་ལུང་གི་རྣམ་གཞག་དེ་ཚོ་ཐོན་ཡོང་གི་འདུག དེ་ཚོའི་གྲས་དེ་ཕལ་ཆེར་ནང་པའི་ཆོས་ནས་བཤད་པའི་ཚན་རིག་ནང་འགྲོ་གི་རེད། མངོན་པ་འོག་མ་ནས་གསུང་བཞག་པའི་འཇིག་རྟེན་ཁམས་གླེང་ནང་གི་དེ་ཚོའི་གྲས་ནས་ཕྲན་བུ་ལེན་རྒྱུ་ཡོང་གི་རེད། ཡིན་ནའང་ཆ་ཚང་དགོས་རྒྱུ་མི་འདུག མདོ་དེ་འདྲ་འཚོལ་རྒྱུ་མེད་དམ་དྲན་གྱི་འདུག བྱས་ཙང་ང་ཚོས་དམིགས་བསལ་སྒྲིག་འཛུགས་བཟོས་ནས་དོ་སྣང་བྱས་ན། དེ་གང་འདྲ་བྱས་ན་ཡག་པ་འདུག་གམ་གྲྭ་ཚང་གི་མཁན་རིན་པོ་ཆེས་དོ་སྣང་བྱེད་དགོས་ཀྱི་འདུག ང་ཚོ་ཛ་དྲག་སྒང་ལ་བསླེབས་ཡོད། དེ་ཚོ་སློབ་དེབ་བཟོ་དགོས་ཀྱི་འདུག བྱས་ཙང་ནང་ཆོས་ནས་བཤད་པའི་ཚན་རིག་ཅེས་པ་དེའི་སློབ་ཚན་ནང་ཚན་རིག་དང་གཞིའི་གནས་ཚུལ་ཁོ་ན་མ་གཏོགས་ལྟ་གྲུབ་མ་འདྲེས་བ་བྱས། བསྡུས་གྲྭའི་ནང་སྤྱི་བྱེ་བྲག་ཅེས་པ་ཞིག་སླེབས་ཡོང་གི་ཡོད། དགག་པ་དང་སྒྲུབ་པ་ཟེར་བ་དེ་ཕལ་ཆེར་ལྟ་གྲུབ་ནང་སླེབས་ཀྱི་མེད་དམ་སྙམ་གྱི་འདུག དེའི་རྒྱུ་མཚན་ཁྱེད་རང་ཚོ་བསམ་བློ་གཏོང་དགོས། དེ་ལྟ་གྲུབ་ནང་འཇོག་དགོས། ལྟ་གྲུབ་ནང་སྤྱི་ཞེས་པ་ཞིག་ཡོད་པ་རེད་མ་རེད་ཟེར་མཁན་དང་མུ་སྟེགས་པའི་གཞུང་གི་སྤྱིར་དོན་གཞན་ཞེས་པ་དེ་ཚོ་ལྟ་གྲུབ་ནང་འགྲོ་གི་འདུག ངོས་ནས་ནང་པའི་ཚན་རིག་ཅེས་བརྗོད་དུས། ཕྱིའི་ཚན་རིག་དངོས་ཁམས་རིག་པ་ལྟ་བུ་གཅིག་དང་། སེམས་ཁམས་རིག་པ་ལྟ་བུ་གཅིག་གསལ་པོ་ཞེ་དྲག་འབྱེད་རྒྱུ་ཡོད། དེ་སློབ་ཚན་གཞུང་ལྟ་བུ་གཅིག་བསྒྲིག དེ་ནས་ནང་ཆོས་ནས་བཤད་པའི་ལྟ་གྲུབ་ཅེས་བརྗོད་སྐབས་དགག་པ་དང་སྒྲུབ་པ། སྤྱི་བྱེ་བྲག་དེ་ཚོ་ཕལ་ཆེར་ནང་པའི་ལྟ་གྲུབ་ནང་སླེབས་ཡོང་གི་འདུག མུ་སྟེགས་པའི་འདོད་པ་མི་འདྲ་བ་ཡོད་པ་དེ་ཚོ་བཀོད་ཆོག་གི་རེད། གང་ལྟར་ནང་པས་སྒྲ་རྟོག་གསལ་བའི་འཇུག་ཅེས་བརྗོད་པ་དེ་ཚོ་ལྟ་གྲུབ་ནང་སླེབས་ཀྱི་འདུག དེ་གནད་འགག་ཆེན་པོ་ཞེ་དྲག་ཡིན། དེ་ཚོ་དམིགས་བསལ་ཆོས་མ་རེད། ལྟ་གྲུབ་མི་འདྲ་བ་ཤོད་ཀྱི་ཡོད། ནང་ཆོས་ཀྱི་ལྟ་གྲུབ་སྤྱི་ཤོད་སྐབས་བརྟེན་ནས་འབྱུང་བའི་རྟེན་འབྱུང་རྒྱུ་འབྲས་ཀྱི་རྟེན་འབྱུང་གཅིག་བྱས། བརྟེན་ནས་བཏགས་པའི་རྟེན་འབྱུང་ཞེས་རྟེན་འབྲེལ་ལྟོས་གྲུབ་དེ་གཅིག དེ་གཉིས་པོ་ནང་ཆོས་ཀྱི་ལྟ་གྲུབ་གཙོ་བོ་དེ་ཡིན། བརྟེན་ནས་འབྱུང་བའི་རྒྱུ་འབྲས་ཀྱི་རྟེན་འབྱུང་ཞེས་བརྗོད་དུས་བློའི་ཡུལ་ལ་འཇུག་སྟངས་དེ་ཚོ་ཕལ་ཆེར་སླེབས་ཡོང་གི་རེད། བཀོད་པ་པོ་གཅིག་གིས་རྟག་པ་རང་འབྱུང་གི་སྐྱེས་བོ་བྱས་པ་ཞེས་པ་དེ་མིན་པར། རྒྱུ་དང་རྐྱེན་མང་པོས་དབང་གི་བྱུང་བ་རེད་ཅེས་བརྗོད་དུས་རྒྱུ་རྐྱེན་གྱི་རྣམ་གཞག་དེ་སླེབས་དགོས་ཀྱི་རེད། གཞལ་བྱའི་གནས་གསུམ་ཟེར་བ་གཞལ་བྱ་མངོན་གྱུར། གཞལ་བྱ་ལྐོག་གྱུར། གཞལ་བྱ་ཤིན་ཏུ་ལྐོག་གྱུར་ཞེས་པ་དེ་ཚོ་ཕལ་ཆེར་ནང་ཆོས་ཀྱི་ཚན་རིག་ནང་འཇོག་དགོས་སམ་ཡང་ན་ལྟ་གྲུབ་ནང་འཇོག་དགོས་ཡོད་གསལ་པོ་ཤེས་ཀྱི་མི་འདུག འདི་འདྲ་བྱས་ཏེ་དུམ་བུ་གཉིས་སུ་ཕྱེ་བ་དང་། ནང་པའི་ཆོས་ཀྱི་ཐོག་ལ་སློབ་ཚན་ཁྲིད་དགོས་རྒྱུ་ཁྱོན་ནས་མེད་པ་རེད། བྱས་ཙང་ནང་པའི་ཚན་རིག་ཅེས་བརྗོད་དུས་མངོན་པ་གོང་འོག་གི་གཞུང་ནས་གསུང་ཡོད་པ་དེ་ཚོ་དང་། ནང་ཆོས་ཀྱི་སེམས་ཀྱི་ཚན་རིག་ཤོད་སྐབས་སྔགས་ཀྱི་གཞུང་ནས་གསུང་ཡོད་པ་དེ་ཚོ་གཅིག་བྱས། ནང་ཆོས་ཀྱི་ལྟ་གྲུབ་ཅེས་བརྗོད་དུས་རྩ་བ་དེ་བརྟེན་ནས་འབྱུང་བའི་རྟེན་འབྱུང་ཞེས་པ་དེ་དང་བརྟེན་ནས་བཏགས་པའི་རྟེན་འབྱུང་ཞེས་པ་དེ་གཉིས་གཞི་བཞག་ཐོག་བློའི་འགྲོ་སྟངས་དང་སྤྱི་བྱེ་བྲག་གི་ཁྱད་པར་དེ་ཚོ་མུ་སྟེགས་པའི་འདོད་ཚུལ་མི་འདྲ་བ་ཡོད་པ་དང་། ནང་པའི་གཞུང་གི་འདོད་ཚུལ་མི་འདྲ་བ་ཡོད་པ། ད་ལྟ་ཁྱེད་རང་ཚོས་ལབ་པའི་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་ཞེས་པ་དེ་དངོས་པོ་རང་མཚན་དོན་དམ་བདེན་པ་དོན་གཅིག རྟག་པ་སྤྱི་མཚན་ཀུན་རྫོབ་བདེན་པ་དེ་གཞིར་བཞག་བཤད་པ་རེད། དེ་འཁྲུག་སྲིད་གྱི་རེད། ཁྱེད་ཚོས་འདི་རང་རེད་བསམ་པ་དྲན་ན་རྗེས་ལ་དབུ་མའི་ནང་ལ་བདེན་གཉིས་བཤད་དུས་ང་ཚོར་བསླབ་པ་དེ་མ་རེད་བསམ་པ་དྲན་གྱི་རེད། དེ་ཚོའི་གྲས་འདི་རྙོག་གྲ་ཆེན་པོ་ཞེ་དྲག་ཡོད། བདེན་གཉིས་ཟེར་བའི་མིང་དེ་ཕྱི་རོལ་པས་ཀྱང་འདོད་ཀྱི་ཡོད། ནང་པའི་གཞུང་ནང་ལ་གྲུབ་མཐའ་བཞི་ཀས་ཤོད་ཀྱི་ཡོད་ཀྱང་། བདེན་གཉིས་འཇོག་སྟངས་མི་འདྲ་བ་སླེབས་ཀྱི་འདུག དེ་ཚོ་ནང་པའི་ཆོས་ནས་བཤད་པའི་ལྟ་གྲུབ་ནང་ལ་ང་རང་ཚོས་མགོན་པོ་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་དེ་གྲུབ་མཐའ་ལྟ་བུ་ཞིག་འདུག མུ་སྟེགས་པའི་འདོད་པ་དངོས་པོ་ཐམས་ཅད་དང་འདྲ་བ་ཞེས་བཀོད་པ་དེར་འགྲེལ་བཤད་རྒྱག་སྐབས་དེ་གྲུབ་མཐའ་ལྟ་བུ་ཞིག་འདུག ལྷག་པར་སློབ་དཔོན་ལེགས་ལྡན་གྱི་རྟོག་གེ་བ་ཝ་འདི་གྲུབ་མཐའ་རང་རེད། དེ་ཚོ་གཞི་ལ་བཞག་ནས་མཁན་ཆེན་ཞི་བ་འཚོའི་ཚད་ཆེན་ནང་ལའང་མུ་སྟེགས་པའི་གྲུབ་མཐའ་ཐོན་ཡོང་གི་འདུག ང་ཚོ་བོད་ཀྱི་གྲུབ་མཐའ་ཟེར་བ་དེ་ཁུངས་གཏུགས་ས་དེ་རྒྱ་གར་གྱི་མཁས་པ་ཚོས་མཛད་པའི་གྲུབ་མཐའ་དེ་ཚོ་རེད། དེ་ནས་ང་ཚོ་བོད་རང་ལའང་གྲུབ་མཐའ་མང་པོ་ཞིག་ཡོད་པ་དེ་ཚོ་ལྟ་གྲུབ་ནང་སླེབས་ཀྱི་རེད། བྱས་ཙང་རྒྱས་ཐག་ཆོད་ཅིག་ཆགས་ཀྱི་འདུག Comparative study ཆ་ཚང་ཡོད་པ་དེ་ཚོ་སྡེ་ཚན་གཅིག་བྱས། བོད་ཡིག་དེ་སྔོན་ལ་ཁྱེད་རང་ཚོས་བང་སྒྲིག་རྗེས་དེ་ནས་ང་ཚོ་ནང་ཁུལ་གྱི་མཁས་པ་རྣམས་ཀྱིས་གཟིགས་ནས་གཏན་འབེབས་བྱུང་སོང་ན་དེ་དབྱིན་ཡིག་དང་། རྒྱ་ཡིག ཉི་ཧོང་གི་སྐད་ཡིག་ནང་བསྒྱུར་བ་ཡིན་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད། རིགས་ལམ་འགྲོ་སྟངས་དེ་དག་ག་ལེར་ལྟ་གྲུབ་ནང་སླེབས་ཀྱི་ཡོད། དེའི་ནང་སླེབས་དུས་ཡུལ་ཅན་ཚད་མས་གཏན་ལ་ཕབ་དགོས་ཀྱི་ཡོད། སྔོན་ལ་བློའི་འཇུག་ཚུལ་དང་བློའི་གཞལ་བྱ་འཇལ་ཚུལ། སྒྲ།རྟོག།གསལ།བའི།འཇུག།པ།སོགས་ཀྱི་དབྱེ་བ་སླེབས་ཡོང་གི་ཡོད་ལ་གཏན་ཚིགས་ཀྱི་རྣམ་གཞག་ཀྱང་འདིར་སླེབས་ཀྱི་རེད། ནང་པའི་ལྟ་གྲུབ་ནང་ལ་མུ་སྟེགས་པའི་གཞུང་གི་ཚད་མ་གཅིག་འདོད་པ་དང་། ཚད་མ་གཉིས་འདོད་པ། ཚད་མ་དྲུག་ཏུ་འདོད་པ། ཚད་མ་བཅུ་གཅིག་འདོད་པ་དེ་འདྲ་ཡོད། མི་འདྲ་བ་དེ་རྣམས་སླེབས་ཡོང་གི་རེད། གཏན་ཚིགས་ཀྱི་འགྲོ་སྟངས་དེ་དག་དེའི་ནང་སླེབས་ཐུབ་པ་ཞིག་བྱུང་ན། ཡང་ན་རིགས་ལམ་གྱི་གཏན་ཚིགས་འགྲོ་སྟངས་དེ་དག་ཟུར་དུ་བཟོས་པ་ཡིན་ནའང་འདྲ། གང་ལྟར་ང་ཚོའི་དམིགས་ཡུལ་དེ་ནང་པ་ལ་ཕན་པ་ཨ་ཅང་ཅང་ནང་པ་མིན་མཁན་ཚོར་ཡང་ཐུན་མོང་གི་སློབ་ཚན་ཞིག་ལ་ངོས་འཛིན་བྱེད་རྒྱུ་ཞིག་དང་། ཐུན་མོང་ལ་ཕན་ཐོགས་ཡོད་པ་ཞིག ཆེ་ས་ནས་བསམ་བློ་བཏང་ན་འཛམ་གླིང་སྤྱི་ལ་ཕན་ཐོགས་རྒྱུ་ཞིག ང་ཚོ་བོད་པས་འཛམ་གླིང་སྤྱི་ལ་ཕན་ཐོགས་པའི་ཞབས་འདེགས་ཤིག་དེའི་ཐོག་ནས་སྒྲུབ་ཐུབ་རྒྱུ་ཞིག་འདུག བྱས་ཙང་དེར་བསམ་བློ་བཏང་ན་དྲན་བྱུང་། ད་ལྟ་ཁྱེད་རང་ཚོ་སློབ་ཕྲུག་ཡོད་སར་ངོས་ཀྱིས་དེ་འགྲེལ་བཤད་བརྒྱབ་པ་ཁྱེད་ཚོའི་བསམ་བློའི་ནང་ལའང་འགྲོ་སྟངས་དེ་འདྲ་ཞིག་འདུག་དེ་འདྲ་ཡིན་པ་རེད་སྙམ་པའི་བསམ་བློ་ཞིག་ཤར་ཐུབ་ན་དྲན་བྱུང་། ཞེས་བཀའ་སློབ་ཟབ་རྒྱས་སྩལ་ཡོད་པ་དང་དེ་རྗེས་སློབ་ཕྲུག་ཚོས་དྲི་བར་བཀའ་ལན་རེ་རེ་བཞིན་སྩལ་བ་བཅས།