༢༠༡༠ ཕྱི་ཟླ་ ༦ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༩ སྔ་དྲོ་རྒྱལ་ས་ཊོཀ་ཁྱོའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་ལྷན་ཚོགས་སུ་བཀའ་སློབ་སྩལ་དོན། ངོས་རང་སླར་ཡང་འདིར་བཅར་ཐུབ་པར་དགའ་པོ་བྱུང་། ངོས་ཀྱི་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་ཡོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ཁྱེད་ཚོ་མང་པོ་ཞིག་གིས་ངོས་ཀྱིས་གནད་དོན་དེ་གཉིས་ཐོག་སྐད་ཆ་བཤད་པ་ཐོས་ཡོད། འོན་ཀྱང་དེ་རིང་མི་གསར་པ་མང་པོ་ཞིག་སླེབས་ཡོད་པས་ངོས་ཀྱིས་གནད་དོན་དེ་གཉིས་ཐོག་གསལ་བཤད་བྱས་ན་བསམ་བྱུང་། ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པ་གཅིག་མཚུངས་ཆགས་ཡོད། ཚང་མར་བདེ་བ་འདོད་པ་དང་སྡུག་སྔལ་ལས་བྲལ་འདོད་ཡོད། སྲིད་འཛིན་དང་རྒྱལ་པོ་དེ་བཞིན་ཚོང་པའམ་སྤྲང་པོ་སུ་ཡིན་རུང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཚང་མར་མིའི་འདུ་ཤེས་ཡོད་པ་གཅིག་མཚུངས་ཆགས་ཡོད། ཕྱི་དངོས་པོའི་དཔལ་འབྱོར་དང་དངུལ་ནས་བྱུང་བའི་བདེ་སྐྱིད་དེས་ཕྲལ་གྱི་བདེ་སྐྱིད་གཅིག་སྤྲོད་ཐུབ་པ་ལས་ཕུགས་ཀྱི་བདེ་སྐྱིད་དེ་ནང་སེམས་ཀྱི་རིན་ཐང་ནས་ཡོང་དགོས། ཕུགས་ཀྱི་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་རྒྱུ་གཙོ་བོ་དེ་ནང་སེམས་ཀྱི་རིན་ཐང་ལས་བྱུང་བའི་ཆོག་ཤེས་པ་བྱེད་རྒྱུ་དེ་ཡིན། དེར་བརྟེན་བདེ་སྐྱིད་ངོ་མ་ཡོང་བར་ནང་སེམས་ཀྱི་རིན་ཐང་གོང་མཐོར་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གཉིས་ནས་ངོས་རང་ནང་པའི་དགེ་སློང་ཕུལ་བྱུང་ཞིག་མིན། འོན་ཀྱང་ངོས་ནས་གང་ཐུབ་ཀྱིས་ཉམས་ལེན་བྱེད་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད། ནང་པའི་གཙོས་ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་ཀྱི་བསླབ་བྱ་སྤྲོད་གི་ཡོད། དེར་བརྟེན་ཆོས་ལུགས་ཚང་མར་སྤྱི་ཚོགས་བཟང་པོ་དང་ཞི་འཇམ་ལྡན་པ་ཞིག་བསྐྲུན་རྒྱུའི་ནུས་པ་ཡོད། གལ་ཏེ་ང་ཚོས་མི་མཐུན་པའི་ཕྱོགས་རྐྱང་རྐྱང་ལ་ལྟ་བ་ཡིན་ན། ནང་པ་སངས་རྒྱས་པ་གཅིག་པ་ཡིན་ནའང་གྲུབ་མཐའ་མི་འདྲ་བ་ཡོད། དེར་བརྟེན་སྤྱི་ཚོགས་ནང་ཆོས་ལུགས་མཐུན་སྒྲིལ་དང་འཚེ་མེད་ཞི་བ་དེ་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད། རྒྱ་གར་དེ་མིག་དཔེ་ལྟ་བུ་ཆགས་ཡོད། ཕྱོགས་མཚུངས་ངོས་ཀྱིས་གསར་འགོད་པ་ཚོས་སྤྱི་ཚོགས་ནང་གནས་ཚུལ་གོ་རྟོགས་སྤེལ་རྒྱུ་མ་ཟད། དྲང་བདེན་དང་རང་དབང་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་པས་ཧ་ཅང་གལ་ཆེ་ཆགས་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ། དེ་རྗེས་གསར་འགོད་པ་ཞིག་གིས་ཉེ་ལམ་རྒྱ་མི་དཔོན་རིགས་གཅིག་གིས་ཉི་ཧོང་ནང་གསར་འགོད་པ་ཚོར་རྒྱ་མིས་བོད་དེ་ནམ་ཡང་བཙན་འཛུལ་བྱས་མེད་ལུགས་བརྗོད་པར་༸གོང་ས་མཆོག་གི་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལམ་སྩལ་དོན། གནད་དོན་དེར་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱེད་ཚུལ། བོད་མིས་འགྲེལ་བརྗོད་བྱེད་ཚུལ། རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་ཚོས་འགྲེལ་བརྗོད་བྱེད་ཚུལ་བཅས་འགྲེལ་བཤད་རྒྱག་ཚུལ་མི་འདྲ་བ་གསུམ་ཡོད། དེར་བརྟེན་གསར་འགོད་པ་ཚོས་གནས་ཚུལ་ངོ་མ་གང་ཡིན་རྩད་གཅོད་ཀྱིས་མི་མང་ཚོར་གསལ་བཤད་བྱེད་དགོས་ཅེས་བཀའ་སྩལ། ཡང་གསར་འགོད་པ་གཅིག་གིས་འཛམ་གླིང་དབུ་ཁྲིད་མང་པོས་༸གོང་ས་མཆོག་དང་དངོས་སུ་མཇལ་འཕྲད་ཞུ་བཞིན་ཡོད་ནའང་ཉི་ཧོང་སྲིད་བློན་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་མ་གནང་བ་དེར་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་དོན། ཨ་རིའི་གྲོང་ཁྱེར་ཝ་ཤིང་ཊོན་དང་ཡུ་རོབ་གྲོང་ཁྱེར་བྷར་སེལ་ནང་མ་གཏོགས་ས་ཁུལ་གཞན་ཁག་གི་ནང་བསྐྱོད་སྐབས་ལས་དོན་མང་ཆེ་བ་ཆབ་སྲིད་དང་མ་འབྲེལ་བའི་ལས་དོན་ཡིན། དེར་བརྟེན་ངོས་རང་ཐེང་འདིར་ཉི་ཧོང་གི་སྲིད་བློན་མཆོག་དང་མཇལ་རྒྱུ་མ་བྱུང་བ་དེར་བློ་ཕམ་གང་ཡང་མེད། ལར་ནས་ངོས་ཀྱིས་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་ཆོས་ལུགས་མཐུན་སྒྲིལ་ཡོང་ཐབས་བྱེད་པ་དེར་ཆབ་སྲིད་ཀྱི་དབུ་ཁྲིད་ཚོ་ལས་མི་མང་ཚོ་གལ་ཆེ་བ་ཆགས་ཡོད་ཅེས་བཀའ་སྩལ། དེ་བཞིན་ཉི་ཧོང་ནང་རང་ཤི་རྒྱག་མཁན་ཇེ་མང་འགྲོ་བཞིན་པ་དེར་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་དོན། ཉི་ཧོང་གི་ན་གཞོན་ཚོས་རང་གི་རྒྱལ་ཁབ་ནས་འཛམ་གླིང་ཕྱི་ལ་མར་འདོན་ནས་གནས་སྟངས་ཇི་འདྲ་ཡིན་མིན་དཔྱད་པ་བྱེད་དགོས་ཞེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན། ༸གོང་ས་མཆོག་སྐུ་འཁོར་དང་ལྷན་ན་ག་ནོའི་གྲོང་ཁྱེར་དུ་ཆིབས་༸ཞལ་བསྒྱུར་ཡོད་པ་བཅས།།