༢༠༡༠ ཕྱི་ཟླ་ ༦ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༧ ཉིན་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མར་རྟེན་གཞི་བྱས་པའི་སོ་ཊོ་ཆོས་བརྒྱུད་ཀྱི་གྲགས་ཅན་མ་དགོན་གཙོ་བོ་ཞིག་ཡོད་པ་དེ་གནས་གཞན་ནས་ད་ལྟའི་གནས་དེར་སྤོས་ཏེ་ལོ་ ༡༠༠ འཁོར་བའི་དུས་ཆེན་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གདན་ཞུའི་གསོལ་འདེབས་ཞུས་དོན་བཞིན་གོང་ཚེས་ཉིན་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་སོ་ཇི་ཇི་ (Sojiji) ཞེས་པའི་མ་དགོན་དུ་ཆིབས་སྒྱུར་བསྐྱངས་ཡོད།
དེ་ཡང་ཐོག་མར་མ་དགོན་དེའི་མཁན་པོ་གཙོ་བོ་མཆོག་དང་མཇལ་འཕྲད་མཛད་རྗེས་༸གོང་ས་མཆོག་མ་དགོན་དེར་གདན་ཞུས་ཀྱིས་གནས་གཟིགས་བསྐྱངས་གྲུབ་མཚམས་དེར་བཅར་བའི་དགེ་འདུན་པ་དང་མི་མང་། དེ་བཞིན་དགོན་དེའི་འཛིན་སྐྱོང་འོག་ཡོད་པའི་འབྲིང་རིམ་དང་སློབ་གྲྭ་ཆེ་བའི་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༡༧༠༠ བརྒལ་བར་ནང་ཆོས་ངོ་སྤྲོད་ཀྱི་ཆོས་འབྲེལ་མཛད་ཡོད། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་དེར་བཅར་བའི་མཁན་པོ་གཙོ་བོ་མཆོག་དང་དགེ་འདུན་པ་སློབ་ཕྲུག་སོགས་ལ་འཚམས་འདྲི་མཛད་རྗེས་ཉི་ཧོང་གི་དགེ་འདུན་པ་དང་སློབ་ཕྲུག་དེ་བཞིན་མི་མང་རྣམས་ནས་ཤེས་རབ་སྙིང་པོ་གསུང་འདོན་གནང་།
དེ་རྗེས་༸གོང་ས་མཆོག་གིས་ཤེས་རབ་སྙིང་པོའི་སྐོར་ངོ་སྤྲོད་མཛད་ཡོད་པ་མ་ཟད་འཛམ་གླིང་ཞི་བདེ་སྐྲུན་ཐབས་དང་། ཆོས་ལུགས་ཚང་མ་མཐུན་སྒྲིལ་ལྡན་པའི་ཐོག་བྱམས་བརྩེའི་འདུ་ཤེས་བཅང་དགོས་པ། འཛམ་གླིང་ཞི་བདེ་སྐྲུན་དགོས་པ་སོགས་ཀྱི་ཆོས་འབྲེལ་སྩལ་རྗེས་དགེ་འདུན་པ་དང་སློབ་ཕྲུག་རྣམས་ལ་དྲི་བ་འབུལ་རྒྱུའི་གོ་སྐབས་སྩལ་བ་བཞིན་སློབ་ཕྲུག་དང་མི་མང་དགེ་འདུན་པ་བཅས་གྲངས་ ༡༥ ནས་དྲི་བ་ཕུལ་བར་བཀའ་ལན་རེ་རེ་བཞིན་མཛད་པས་དེར་བཅར་བའི་སེར་སྐྱ་ཡོངས་རྫོགས་དགའ་བདེའི་གནས་ལ་བཀོད་པར་མཛད།
ཉིན་དེའི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་ཡོ་ཀོ་ཧ་མར་ཀོ་རི་ཡའི་མི་མང་གྲངས་ ༥༠༠ བརྒལ་བར་ནེ་ཤོན་ནལ་ཁོན་ཝེན་ཤོན་ཧོལ་ (National Convention Hall) ཞེས་པའི་ཚོགས་ཁང་ཆེ་མོའི་ནང་མཇལ་ཁ་དང་ཆོས་འབྲེལ་སྩལ་ཡོད། དེ་ཡང་ཐོག་མར་ཀོ་རི་ཡའི་ངོ་ཚབ་ནས་མགོན་པོ་གང་ཉིད་མཆོག་ལ་སྙན་སྒྲོན་ཞུས་དོན།
བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནས་ང་ཚོར་མཇལ་ཁ་སྩལ་བར་ཧ་ཅང་བྱིན་རླབས་ཆེན་པོ་ཐོབ་བྱུང་། ང་ཚོ་ཀོ་རི་ཡའི་ནང་པ་ཧ་ཅང་མང་པོ་ཞིག་ནས་སྐུ་ཉིད་མཇལ་ཁ་ཞུ་རྒྱུ་དང་ཀོ་རི་ཡར་གདན་འདྲེན་ཞུ་འདོད་ཡོད་ཀྱང་ཆབ་སྲིད་ཀྱི་རྒྱུ་རྐྱེན་ལ་བརྟེན་ཞུ་ཐུབ་མེད། འོན་ཀྱང་ཐེངས་འདིར་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ཉི་ཧོང་ནང་ཆིབས་སྒྱུར་བསྐྱངས་ཡོད་པའི་གོ་སྐབས་འདི་དོར་འདོད་རྩ་བ་ནས་མི་འདུག ཅེས་སྙན་སྒྲོན་ཞུས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། དེ་རིང་འདིར་ཀོ་རི་ཡ་ནས་ཆེད་དུ་ཕེབས་པའི་ཆོས་གྲོགས་རྣམ་པ་ཚོ་མཇལ་བར་བརྟེན་ངོས་རང་ཧ་ཅང་དགའ་པོ་བྱུང་། ཚང་མར་འཚམས་འདྲི་ཞུ་གི་ཡོད། ང་ཚོ་ཚང་མ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ནང་པ་གཅིག་པ་ཡིན། དེའི་ནང་ཚན་ནས་ཤེར་ཕྱིན་གྱི་མདོའི་རྗེས་འབྲངས་པ་དང་ཤེས་རབ་སྙིང་པོ་འདོན་མཁན་གཅིག་གྱུར་རེད། ངོས་ནས་ནང་པ་ཚོར་རྟག་ཏུ་འདི་བརྗོད་ཀྱི་ཡོད། ང་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་ཡིན། དེའི་དོན་ནི་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པ་མ་ཟད། ལྷག་པར་ཚན་རིག་སྐོར་ལ་རྒྱུས་ཡོད་ཐོག་ནང་ཆོས་ལ་གོ་བ་ཆ་ཚང་ལེན་ཐུབ་པ་དེ་འདྲ་ཞིག་བྱུང་ན་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་ཆགས་ཀྱི་ཡོད། དེ་སྔ་ཆོས་ལ་དད་པ་ཡོད་ཀྱང་ཆོས་ཀྱི་གནད་འགག་ལ་དེ་ཙམ་གྱི་དོ་སྣང་མི་བྱེད་པ་ལྟ་བུ་འདུག དེར་བརྟེན་སངས་རྒྱས་པའི་ཆོས་དེ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན། དཔེར་ན། མགོན་པོ་ཀླུ་སྒྲུབ་ཀྱི་མཚོན་པའི་རྒྱ་གར་མཁས་པ་དེ་དག་གིས་སངས་རྒྱས་ཀྱི་ཆོས་དེ་རིག་པས་སྒྲུབ་ཡོང་གི་འདུག དེ་འདྲ་ཡིན་ཙང་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་མཛད་པའི་གཞུང་དེ་དག་སངས་རྒྱས་བསྟན་པའི་ཆེད་དུ་བརྩམས་པ་རེད། དེར་བརྟེན་རྗེས་འཇུག་ཚོས་གཞུང་དེ་དག་ལྟ་རྒྱུ་གལ་ཆེན་པོ་ཡིན། དེ་རིང་ང་ཚོ་འདིར་འཛོམས་ནས་དྲི་བ་དྲིས་ལན་བྱས་ན་ཡག་པོ་ཡོང་བ་འདུག ཅེས་བཀའ་ཕེབས་ཏེ་དྲི་བ་ཞུ་རྒྱུའི་གོ་སྐབས་སྩལ་བ་བཞིན་ཁོང་ཚོས་དྲི་བ་ཕུལ་བ་རྣམས་ལ་བཀའ་ལན་མཛད་ཡོད།
དེ་རྗེས་ཆུ་ཚོད་ ༢།༣༠ ཐོག་༸གོང་ས་མཆོག་གིས་ནེ་ཤོན་ནལ་ཁོན་ཝེན་ཤོན་ཧོལ་ (National Convention Hall) ཞེས་པའི་མགྲོན་ཁང་དེར་ཐོག་བརྩེགས་ ༣༠ པའི་ཐོག་ཏུ་ཡོད་པའི་ཚོམས་ཆེན་ནང་རྒྱ་རིགས་གསར་འགོད་པ་གྲངས་ ༡༣ དང་། མཐོ་སློབ་ཁག་གི་སློབ་དཔོན་གྲངས་ ༨ དེ་མིན་མཁས་པ་ཁག་གཅིག་བཅས་ཁྱོན་རྒྱ་རིགས་གྲངས་ ༢༨ ལ་བཀའ་སློབ་ཕེབས་དོན། ངོས་རང་དེ་རིང་འདིར་ཉི་ཧོང་དུ་བསླེབས་པའི་ཞོར་དུ་ཁྱེད་རང་ཚོ་གྲོགས་པོ་རྣམས་ཐུག་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། མིའི་དཀའ་ངལ་སེལ་རྒྱུ་ཟེར་བ་དེ་ང་ཚོ་ཕན་ཚུན་ངོ་ཤེས་པ་དང་ཡིད་ཆེས་སླེབས་པའི་ཐོག་ནས་ཐུན་མོང་གི་ཁེ་ཕན་ངོ་ཤེས་བྱས་ཏེ་ང་ཚོའི་དཀའ་ངལ་སེལ་དགོས་རྒྱུ་དེ་གལ་ཆེན་པོ་འདུག ངོས་རང་འཛམ་གླིང་གི་ལུང་པ་མང་པོར་སླེབ་ཀྱི་ཡོད་པས་ངོས་ནས་རྟག་ཏུ་འདི་ལྟར་བརྗོད་ཀྱི་ཡོད། དུས་རབས་ཉི་ཤུ་ཐམ་པ་དེ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆགས་ཡོད། ད་ཆ་ང་ཚོས་དུས་རབས་ཉེར་གཅིག་པ་འདི་ཧུའུ་ཅིན་ཐའོས་གསུངས་པ་ལྟར་འཆམ་མཐུན་གྱི་འཛམ་གླིང་ཞིག་བསྐྲུན་དགོས་པ་ཡིན། འཆམ་མཐུན་ཞེས་པ་དེར་རྙོག་གྲ་མེད་པའི་སྐད་ཆ་མིན། རྙོག་གྲ་ཡོད་ཀྱང་དེ་སེལ་ཐབས་སུ་ཕན་ཚུན་ཡིད་ཆེས་བྱས་ཏེ་ཐུན་མོང་གི་ཁེ་ཕན་ལ་བསམ་བློ་གཏོང་དགོས་པ་དང་རྒྱ་ཆེ་ས་ནས་བསམ་བློ་བཏང་སྟེ་དཀའ་ངལ་སེལ་དགོས་པ་ཡིན་ཞེས་བརྗོད་ཀྱི་ཡོད། ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་དྲུག་ཅུ་ལྷག་ཙམ་སོང་ཟིན། གྲུབ་འབྲས་མང་པོ་བྱུང་ཡོད་པ་རེད་དེ་ད་ལྟ་དངོས་གནས་དོན་དམ་གྱི་འཆམ་མཐུན་ཟེར་བ་དེར་ཕྲན་བུ་དཀའ་ངལ་འཕྲད་བཞིན་འདུག གཅིག་གིས་གཅིག་ལ་ཡིད་ཆེས་མེད་པར་དོགས་པ་དང་ཞེ་སྡང་བྱས་ཏེ་བསྡད་ན་སྤྱི་མཐུན་རྒྱལ་ཁབ་ཅེས་པ་དེ་ཡོང་ཐབས་མེད།
དེར་བརྟེན་དོན་མེད་གཅིག་གིས་གཅིག་ལ་དོགས་པ་དང་ཐེ་ཚོམ་བཟས། དེ་འདྲའི་གནས་ཚུལ་དེ་ང་ཚོས་ཇི་ལྟར་སེལ་དགོས་སམ་ཞེ་ན། ང་ཚོ་ཕན་ཚུན་ཐུག་སྟེ་སྐད་ཆ་བཤད་ནས་སེལ་དགོས་རྒྱུ་ནི་ཐབས་ལམ་གཅིག་པུ་དེ་ཡིན། ཞེས་བཀའ་སློབ་ཕེབས་ཡོད། དེ་ནས་ཁོང་རྣམས་ཀྱི་དྲི་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་ཕེབས་དོན། ཕྱི་ལོ་ ༡༩༧༩ ལོར་ཏེང་ཞའོ་ཕིང་སྐབས་རྒྱ་བོད་འབྲེལ་མོལ་ཐོག་མར་བྱུང་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༢ ནས་ཐད་ཀར་འབྲེལ་བ་བྱེད་རྒྱུ་དེར་བསྐྱར་གསོ་ཐུབ་ཏེ་ཐེངས་དགུ་ཐུག་འཕྲད་བྱུང་ཡོད། འོན་ཀྱང་ཚུར་ལ་སྐྱོན་བརྗོད་ཤ་སྟག་བྱས་པ་མ་གཏོགས་གཞན་གང་ཡང་ཡོང་གི་མི་འདུག ལྷག་པར་ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༠ ཞི་བའི་ངོ་རྒོལ་གྱི་དོན་རྐྱེན་བྱུང་སྐབས་རྙོག་གྲ་ཚང་མ་རྡ་རམ་ས་ལ་ནས་བཟོས་པ་རེད་ཅེས་སྲིད་བློན་ཝུན་ཅ་པའོ་ཁོང་རང་གི་གསུངས་ཡོད། དེ་དུས་ངོས་ནས་ལམ་སེང་ཞུས་པ་ཡིན། འཛམ་གླིང་གི་གསར་འགོད་པ་རྡ་སར་ཡོང་རོགས་བྱེད། དེ་བཞིན་རྒྱ་ནག་གཞུང་གི་གསར་འགོད་པ་དང་ལས་བྱེད་པ་དེ་འདྲ་ཡང་ཡོང་ན་དགའ་བསུ་ཡོད། ང་ཚོའི་གནས་ཚུལ་ཕྱི་གསལ་ནང་གསལ་ཡིན། ཚང་མར་གཟིགས་རོགས་གནང་ཞེས་བརྗོད་ཡོད་ཀྱང་སླེབས་མེད། དེ་དུས་ཕྱི་ཟླ་ ༤ པའི་སྐབས་རེ་བ་གང་ཙམ་བྱུང་། སྐབས་དེར་ཧུའུ་ཅིན་ཐའོ་ཉི་ཧོང་ལ་མ་ཕེབས་གོང་དེར། ང་ཚོ་འབྲེལ་བ་བྱེད་རྒྱུ་ཡིན། དེ་གལ་ཆེན་པོ་རྩི་བཞིན་ཡོད། ཅེས་གཞུང་འབྲེལ་ཐོག་ནས་ཁྱབ་བསྒྲགས་བྱས་ཡོད། ང་ཚོར་དེའི་སྐབས་པེ་ཅིང་ནས་གྲོགས་པོ་དེ་འདྲ་ནས་རེ་བ་ཞེ་དྲག་འདུག་ཅེས་པའི་ལན་འབྱོར་བྱུང་། དེ་ནས་ཉིན་ཤས་རྗེས་ལ་རེ་བ་གང་ཡང་མི་འདུག དེ་རྗེས་རྒྱ་ནག་གཞུང་གིས་ང་ཚོར་ནག་ཆ་འཛུགས་སྐབས་ཕྱི་ཟླ་གསུམ་པའི་ནང་དོན་རྐྱེན་དེ་བྱུང་བ་རེད། ཟླ་བ་བཞི་པ་དང་ལྔ་པར་ངོས་རང་ཨ་རི་དང་ཡུ་རོབ་ནང་བསླེབས་ཡོད། སྐབས་དེར་རྒྱ་མིའི་སློབ་ཕྲུག་བརྒྱ་ཉིས་བརྒྱས་ངོས་ལ་ངོ་རྒོལ་བྱས་པ་དང་ཡང་ཁ་ཤས་ངོས་རང་དང་ཨ་རིར་ཐུག་པ་ཡིན་རླུང་ཞེ་དྲག་ལངས་འདུག ཁ་ཤས་ལ་འགྲེལ་བཤད་བརྒྱབ་ན་ཉན་གྱི་འདུག་ཀྱང་ཁ་ཤས་ནས་ཉན་གྱི་མི་འདུག དེར་བརྟེན་རྒྱ་རིགས་ཚགས་པར་རྒྱག་མཁན་རྣམས་ཐུག་རྒྱུར་ངོས་ཀྱིས་གལ་ཆེན་པོ་བརྩིས་ཏེ་དངོས་ཡོད་གནས་ཚུལ་འགྲེལ་བརྗོད་བྱས་པ་ཡིན། དེ་ནས་ཟླ་བ་དྲུག་པ་བདུན་པ་ཞིག་ལ་ངོས་ཨོ་སི་ཊོ་ལི་ཡར་བསྐྱོད་པ་ཡིན། དེ་རྗེས་ངོ་རྒོལ་བྱེད་མཁན་ཉུང་དུ་སོང་སྟེ་གོ་རྒྱུ་མི་འདུག ཅེས་སོགས་དང་། ཡང་༸གོང་ས་མཆོག་གིས་འཛམ་གླིང་སྤྱི་ཡོངས་ཀྱི་གནས་ཚུལ་ཞིག་ཡིན་ཡང་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་དགོས་པ་རེད་མ་གཏོགས་རང་རྒྱལ་གཞན་ཕམ་ཞེས་པའི་དུས་ཚོད་དེ་ཡོལ་ཟིན་པ་རེད། བོད་ཀྱི་གནས་ཚུལ་ཡང་དེ་དེ་བཞིན་བྱས་ཏེ་ང་ཚོས་གཉིས་སྨན་གྱི་ཐབས་ལམ་སྟེང་འགྲོ་དགོས་རྒྱུ་ནི་ངོས་ཀྱིས་ཤིན་ཏུ་ནས་འོས་པ་མཐོང་གི་འདུག ཅེས་སོགས་ཀྱི་དྲི་བར་བཀའ་ལན་མཛད་ཡོད།
སོ་ཊོ་ནང་པའི་ཆོས་བརྒྱུད་ཀྱི་མ་དགོན་དེ་ནི་ཉི་ཧོང་ནང་དུ་ནང་པའི་སློབ་ཁག་ཆེ་ཤོས་དེ་ཆགས་ཡོད་འདུག དེ་ཡང་མ་དགོན་དེའི་འཛིན་སྐྱོང་འོག་གཙུག་ལག་སློབ་གཉེར་ཁང་དང་མཐོ་རིམ་སློབ་གྲྭ། སློབ་གྲྭ་ཆེ་བ་དང་འབྲིང་བ་སོགས་མང་པོ་ཞིག་ཡོད་འདུག་པ་བཅས། །