༢༠༡༠ ཕྱི་ཟླ་ ༦ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༩ ཉིན་སྔ་དྲོའི་ཆུ་ཚོད་ ༩ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་ནང་གསར་འགོད་ལྷན་ཚོགས་ཐོག་བཀའ་སློབ་དང་གསར་འགོད་པའི་དྲི་བར་བཀའ་ལན་སོགས་མཛད་གྲུབ་རྗེས་ཉི་ཧོང་གི་གྲོང་ཁྱེར་ན་ག་ནོ་ (Nagano City) ལ་ཆིབས་ཞལ་བསྒྱུར། དེ་ཡང་ཛེན་ཀོ་ཇི་མ་དགོན་ནས་མགོན་པོ་གང་ཉིད་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱེད་ཡོལ་ཆུ་ཚོད་ ༡༢ ཡོལ་ཙམ་ལ་ན་ག་ནོར་༸ཞབས་སོར་འཁོད་རྗེས་ཁུལ་དེར་རྟེན་གཞི་བྱས་པའི་ཛེན་ཀོ་ཇི་ (Zenkoji) མ་དགོན་དུ་ཆིབས་སྒྱུར་ཐེངས་དང་པོ་དེ་བསྐྱངས་ཡོད། དེ་བཞིན་དགོན་པ་དེའི་དགེ་འདུན་པ་རྣམས་ཀྱིས་༸གོང་ས་མཆོག་དགོན་པ་དེར་གདན་ཞུས་ལྟར་ཕྱེད་ཡོལ་ཆུ་ཚོད་ ༢ ཡོལ་ཙམ་ལ་ཆིབས་སྒྱུར་སྐྱོང་སྐབས་དགོན་པའི་གཡས་གཡོན་དུ་དད་ལྡན་མི་མང་སྟོང་ཕྲག་མང་པོས་ལག་ཏུ་དྲི་བསངས་དང་མེ་ཏོག་སོགས་ཐོགས་ཏེ་ཕེབས་བསུ་ཞུས་རྗེས་དགོན་དེའི་ (Abbot Goshonin sama of Jodo Sect) ཇོ་ཌོ་ཆོས་བརྒྱུད་ཀྱི་སྤྱི་ཁྱབ་མཁན་པོ་གོ་ཤོ་ནེན་ས་མ་མཆོག་དང་། (Abbot Gokansu sama of Tendai Sect) ཊེན་ཌེ་ཆོས་བརྒྱུད་ཀྱི་མཁན་པོ་གོ་ཀན་སུ་ས་མ་མཆོག་རྣམ་གཉིས་མཇལ་འཕྲད་མཛད་རྗེས་༸གོང་ས་མཆོག་གིས་དགོན་དེའི་ནང་རྟེན་རྣམས་ལ་གནས་གཟིགས་མཛད། དེ་ནས་དགོན་དེར་རྒྱ་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོའི་དགོན་པའི་དགེ་འདུན་པ་ ༡༠ གདན་ཞུས་ཀྱིས་ཉིན་གྲངས་ ༡༦ ལ་བཞེངས་པའི་རྒྱལ་བ་འོད་དཔག་མེད་ཀྱི་དཀྱིལ་འཁོར་མི་ཊར་གཉིས་བྱས་པ་བྱིན་རླབས་ཤིན་ཏུ་ཆེ་བ་ཞིག་གསར་བཞེངས་གནང་ཡོད་པ་དེར་མགོན་པོ་གང་ཉིད་མཆོག་གིས་རབ་གནས་དང་ཐུགས་སྨོན་རྒྱ་ཆེ་མཛད།
དེའི་རྗེས་གོང་གསལ་ཛེན་ཀོ་ཇི་ Zenkoji མ་དགོན་ནང་༸གོང་ས་མཆོག་དབུ་བཞུགས་ཐོག་དགོན་པ་དེའི་ནང་ཡོད་ཆོས་བརྒྱུད་མི་འདྲ་བ་གཉིས་ཀྱི་མཁན་པོ་དགུང་ལོ་བགྲེས་གཞོན་གཉིས་གཡས་གཡོན་དུ་བཞུགས་ཏེ་འཛམ་གླིང་ཞི་བདེ་ཡོང་བ་དང་དེ་སྔོན་བོད་མདོ་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་བྱུང་བ་དང་། དེ་བཞིན་འཛམ་གླིང་གི་ས་ཁུལ་མང་པོར་འབྱུང་བའི་གོད་ཆག་དང་བྲལ་ཞིང་། ཡང་སྒོས་འཛམ་གླིང་སྤྱིའི་ཞི་བདེའི་ཆེད་དུ་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་རིང་གསོལ་འདེབས་སྨོན་ལམ་གྱི་ཐོག་མར་ཛེ་ཀོ་ཇི་དགོན་གྱི་དགེ་འདུན་པ་རྣམས་ནས་ཉི་ཧོང་སྐད་ནང་ཤེས་རབ་སྙིང་པོ་བཏོན་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་སྐད་དུ་ཤེས་རབ་སྙིང་པོ་དང་བཟང་སྤྱོད་སྨོན་ལམ་སོགས་འདོན་གནང་མཛད་དེ་གསོལ་འདེབས་སྨོན་ལམ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ།
དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཛེ་ཀོ་ཇི་དགོན་པའི་ལྷན་ཚོགས་ཁང་དུ་གདན་ཞུས་ཀྱིས་ཕྱེད་ཡོལ་ཆུད་ཚོད་ ༣ ཐོག་གསར་འགོད་པ་གྲངས་སུམ་ཅུ་བརྒལ་བར་མཇལ་འཕྲད་དང་བཀའ་སློབ་དེ་བཞིན་དྲི་བར་བཀའ་ལན་སོགས་མཛད་ཡོད། དེ་ཡང་ཐོག་མར་དགོན་དེའི་དྲུང་ཆེ་ཤར་ཡ་ཝ་ཌ་ལགས་ཀྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དགོན་འདིར་དེ་རིང་དང་སང་ཉིན་བཅས་ཉིན་གཉིས་རིང་མཛད་འཕྲིན་སྐྱོང་མུས་ཡིན་པའི་སྐོར་སོགས་གསར་འགོད་པ་རྣམས་ལ་ངོ་སྤྲོད་གནང་རྗེས་༸གོང་ས་མཆོག་གིས་གསར་འགོད་པར་ཚོར་བཀའ་སློབ་ཕེབས་དོན། དེ་རིང་ངོས་རང་ཉི་ཧོང་ནང་རྟེན་གཞི་བྱས་པའི་དགོན་པ་རྙིང་པ་གནས་ཁྱད་པར་ཅན་འདིར་འབྱོར་བ་དང་པོ་ཡིན། ད་རེས་ཧ་ཅང་གི་སྐལ་པ་བཟང་པོ་བྱུང་བས་མགྲོན་འབོད་གནང་མཁན་དང་། དགོན་པ་དེ་བཞིན་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་ང་ཚོས་ཛེན་ཀོ་ཇི་དགོན་གྱི་དགེ་འདུན་པའི་ལྷན་དུ་གཙང་ཁང་ནང་སྨོན་ལམ་འདོན་རྒྱུའི་གོ་སྐབས་བྱུང་བས་སྐལ་པ་ཧ་ཅང་བཟང་པོ་བྱུང་། ཉི་ཧོང་གི་ནང་ཆོས་དང་བོད་ཀྱི་ནང་ཆོས། དེ་བཞིན་རྒྱ་ནག་གི་ནང་ཆོས། ཀོ་རི་ཡ། དེ་བཞིན་ཝི་ཏི་ནམ་གྱི་ནང་ཆོས་བཅས་ང་ཚོ་ཚང་མ་རྒྱ་གར་ནས་དར་བའི་སྲོལ་རྒྱུན་གཅིག་གི་ནང་ཆོས་ཀྱི་རྗེས་སུ་འཇུག་མཁན་གཅིག་མཚུངས་ཤིག་ཆགས་ཡོད། ང་ཚོ་ཚང་མ་ལེགས་སྦྱར་སྐད་ཡིག་ནང་ཡོད་པའི་ནང་ཆོས་ཀྱི་རྗེས་སུ་འཇུག་མཁན་ཤ་སྟག་ཡིན། དེར་ངོས་ཀྱིས་དུས་རྒྱུན་ན་ལེྡའི་སྲོལ་རྒྱུན་ཞེས་བརྗོད་ཀྱི་ཡོད། དེར་བརྟེན་ངོས་རང་ཉི་ཧོང་དུ་ནམ་ཡོང་སྐབས་དགོན་པ་དང་ལྷ་ཁང་སོགས་ལ་མཆོད་མཇལ་འགྲོ་སྐབས་སེམས་ནང་དགའ་ཚོར་ཆེན་པོ་ཡོང་བཞིན་འདུག ང་ཚོ་ད་ལྟ་ཞི་བའི་ཆེད་དུ་སྨོན་ལམ་བརྒྱབ་ཟིན་ཙམ་རེད། ཞི་བདེ་ཟེར་བ་དེ་ནང་སེམས་ནས་ཡོང་དགོས་པ་ཞིག་རེད། ཆོས་ལུགས་གྲགས་ཆེན་གཞན་དང་མཚུངས་པར་ནང་ཆོས་ནས་ཀྱང་བྱམས་བརྩེ་དང་བཟོད་བསྲན་སོགས་ཤོད་ཀྱི་ཡོད་པ་དེ་དག་ང་ཚོས་ལྷག་བསམ་རྣམ་དག་གི་བསམ་བློ་བཏང་སྟེ་ལག་བསྟར་བྱེད་ཀྱི་ཡོད་པར་བརྟེན་རང་བཞིན་གྱི་སེམས་ནང་ཞི་བདེ་ཡོང་བཞིན་ཡོད། གང་ཟག་སྒེར་པ་ཞིག་གི་སེམས་ནང་ཞི་བདེ་ཡོད་པ་དེས་རང་གི་ཁྱིམ་ཚང་གི་ཁོར་ཡུག་ནང་ཞི་བདེ་ཡོང་གི་ཡོད། ཁྱིམ་ཚང་གཅིག་ནང་ཞི་བདེ་ཡོད་པ་དེས་རིམ་པས་རྒྱ་བསྐྱེད་ཀྱི་སྤྱི་ཚོགས་ཞི་བདེ་ལྡན་པ་ཞིག་བསྐྲུན་ཐུབ། དེར་བརྟེན་འཛམ་གླིང་གི་ཆོས་ལུགས་གྲགས་ཅན་དེ་དག་གི་རྗེས་འཇུག་པ་སུ་ཡིན་ནའང་། གལ་ཏེ་ང་ཚོས་ཆོས་ལུགས་གང་རུང་ཞིག་གི་རྗེས་སུ་འཇུག་ཚེ་ང་ཚོས་ལྷག་བསམ་རྣམ་དག་ཐོག་ནས་བྱེད་དགོས་པ་ལས། ཆོས་དེ་ཉིན་རེ་ཉིན་རེ་འཚོ་བ་དང་འབྲེལ་བ་དེ་ཙམ་མེད་པར་ཆོ་ག་ཕྱག་ལེན་ལྟ་བུ་བྱས་ན་མ་འགྲིག་པ་རེད། དེ་ལྟར་བྱས་ཚེ་ཆོས་ཀྱི་ཕན་པ་དེ་ཙམ་མེད། གལ་ཏེ་ཆོས་པ་དངོས་གནས་ཤིག་བྱེད་ཀྱི་ཡིན་ན། བྱམས་བརྩེ་དང་སྙིང་རྗེ། བཟོད་བསྲན་དེ་དག་ལྷག་བསམ་རྣམ་དག་གིས་ཐོག་ནས་ཉིན་རེ་འཚོ་བའི་ནང་ལག་བསྟར་བྱེད་ཐུབ་པ་དགོས། དེ་ལྟར་ཐུབ་ཚེ་ཆོས་དེ་སོ་སོའི་ཉིན་རེའི་འཚོ་བའི་ཆ་ཤས་ཤིག་ཆགས་ཐུབ། དེ་འདྲ་ཞིག་བྱུང་མ་ཐུབ་ན་ཆོས་ཀྱི་ཕན་ཐོགས་ངོ་མ་ཞིག་ཡོང་མི་ཐུབ། ང་ཚོ་དུས་རབས་ ༢༡ ཀྱི་ནང་པ་ཞིག་བྱེད་དགོས་ཞེས་ངོས་ཀྱིས་བརྗོད་ཀྱི་ཡོད། དེའི་དོན་ནི་ནང་ཆོས་ལ་དད་པ་ཡོད་པའི་ཐོག་ནས་སངས་རྒྱས་ཀྱི་གསུང་དེར་སློབ་སྦྱོང་མཐར་ཕྱིན་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་སློབ་སྩལ་གྲུབ་མཚམས་གསར་པའི་དྲི་བར་བཀའ་ལན་སྩལ་ཡོད། ཛེན་ཀོ་ཇི་མ་དགོན་ནི་མགོན་པོ་གང་ཉིད་མཆོག་ཐེངས་འདིར་གདན་ཞུ་གནང་མཁན་གཙོ་བོ་དེ་ཡིན་ལ་ཉི་ཧོང་དང་འཛམ་གླིང་ནང་ཤིན་ཏུ་སྙན་གྲགས་ལྡན་པའི་དགོན་པ་ཡིན་པ་མ་ཟད། དགོན་པ་དེའི་ཁྱབ་ཁོངས་སུ་དགོན་པ་གྲངས་ ༣༩ ཡོད་འདུག ཐེངས་འདིར་བཅར་བའི་མཁན་པོ་རྣམ་གཉིས་དང་དགེ་འདུན་པའི་ནང་ཆོས་བརྒྱུད་ཁག་གཉིས་ཡོད་རུང་སྤྱིར་དགོན་པ་དེ་ནི་ཆོས་ལུགས་རིས་མེད་ཡིན་འདུག