༢༠༡༠ ཕྱི་ཟླ་ ༦ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༠ ཉིན་ཉི་ཧོང་གི་གྲོང་ཁྱེར་ན་ག་ནོར་ (Nagano City) རྟེན་གཞི་བྱས་པའི་ཛེན་ཀོ་ཇི་ (Zenkoji) མ་དགོན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁུལ་དེའི་མི་དམངས་ལ་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཆེད་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཉིན་དེའི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་ (Big hat Olympic Stadium) བིག་ཧེ་ཊི་ཨོ་ལེམ་པིཀ་ཚོགས་ཁང་ཞེས་པར་ཆིབས་སྒྱུར་བསྐྱངས་ཏེ་ཛེན་ཀོ་ཇི་མ་དགོན་གྱི་དགེ་འདུན་པ་དང་། ན་ག་ནོའི་མི་དམངས། ཀལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག་དང་ཁོང་གི་སྐུ་འཁོར་བཅས་ཁྱོན་མི་མ་གྲངས་༧༠༠༠ བརྒལ་བར། དེང་དུས་འཛམ་གླིང་གི་ལམ་སྟོན་བཟང་པོའི་འོད་སྣང་། Guide to Positive Clear Light-Message for Today ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་ཟབ་རྒྱས་སྩལ་ཡོད། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་མ་སྩལ་གོང་། དེར་བཅར་བའི་དགེ་འདུན་པ་དང་མི་དམངས་ཡོངས་ནས་ཉི་ཧོང་གི་སྐད་དུ་ཤེས་རབ་སྙིང་པོ་འུར་འདོན་གནང་ཡོད།
དེ་རྗེས་༸གོང་ས་མཆོག་གིས་གོང་གསལ་བརྗོད་གཞིའི་སྟེང་བཀའ་སློབ་མ་སྩལ་སྔོན་དེར་བཅར་བའི་ཉི་ཧོང་གི་སེར་སྐྱ་མི་དམངས་ཡོངས་ལ་འཚམས་འདྲི་དང་སྦྲགས་ཤེས་རབ་སྙིང་པོའི་སྐོར་ལ་བཀའ་སློབ་ལམ་སྟོན་ཟབ་རྒྱས་ཕེབས་དོན།
ད་གིན་དགེ་འདུན་པ་རྣམས་ཀྱིས་ཤེས་རབ་སྙིང་པོ་གསུང་པའི་སྐབས་སུ་གཞོན་སྐྱེས་ཁྱེད་རྣམས་ནས་ཀྱང་ལྷན་དུ་འུར་འདོན་གནང་གི་འདུག་པར་ངོས་རང་ཧ་ཅང་དགའ་པོ་བྱུང་། ཤེས་རབ་སྙིང་པོ་འདོན་མཁན་ང་ཚོ་ཚང་མ་ལེགས་སྦྱར་གྱི་ཆོས་བརྒྱུད་གཅིག་པ་ཡིན་པའི་རྟགས་སྟོན་གྱི་ཡོད། སངས་རྒྱས་པའི་ཆོས་བརྒྱུད་ནང་པ་ལའི་ཆོས་བརྒྱུད་གཅིག་དང་ལེགས་སྦྱར་གྱི་ཆོས་བརྒྱུད་བཅས་གཉིས་ཡོད། ཤེས་རབ་སྙིང་པོ་འདི་ཤེར་ཕྱིན་གྱི་གཞུང་གི་གླེགས་བམ་གཅིག་ཆགས་ཡོད། ཤེས་རབ་སྙིང་པོའི་ནང་གཟུགས་མེད། སྒྲ་མེད། རོ་མེད། རེག་བྱ་མེད་སོགས་ཡོད་པ་རྣམས་ཤེར་ཕྱིན་གྱི་གཞུང་ཉི་ཁྲི་དང་དེ་བཞིན་རྡོ་རྗེ་གཅོད་པའི་ནང་གསལ་པོ་ཡོད། གཟུགས་སྒྲ་དྲི་རོ་རེག་བྱ་དང་མིག་རྣ་བ་སྣ་སོགས་ཐ་སྙད་དུ་ཡོད་པ་དང་། དེ་ཁོ་ན་ཉིད་ལ་མེད། དེར་བརྟེན་དེར་དབུ་མའི་གཞུང་ནང་ཐ་སྙད་བདེན་པ་དང་དོན་དམ་བདེན་པ་གཉིས་གསུང་གི་ཡོད། ཅེས་སོགས་དང་ཡང་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་པའི་ནང་། ཕུང་པོ་རང་བཞིན་གྱི་མེད་པ་དང་། བདག་རང་བཞིན་གྱི་མེད་པ་གཉིས་ཤོད་ཀྱི་ཡོད་པ་དེ་ཆོས་ཀྱི་བདག་མེད་དང་གང་ཟག་གི་བདག་མེད་ཅེས་བདག་མེད་གཉིས་བརྗོད་ཀྱི་ཡོད། འོན་ཀྱང་ང་ཚོའི་བློ་འཁྲུལ་པའི་དབང་གིས་གང་ཟག་བདག་ཏུ་འཛིན་པ་དང་ཆོས་བདག་ཏུ་འཛིན་པ་བཅས་གཉིས་སླེབ་ཀྱི་ཡོད། ཅེས་དང་ཁོང་ཁྲོའི་རང་བཞིན་ཇི་འདྲ་ཡོད་པ་དེ་ལ་གཉེན་པོ་བསྟེན་སྟངས་དང་། བདག་འཛིན་མ་རིག་པའི་བློ་དེ་མཐར་ཐུག་མེད་པ་བཟོ་དགོས་པ་སོགས་ཀྱི་སྔོན་འགྲོའི་བཀའ་སློབ་སྩལ་གྲུབ་རྗེས་དེ་ཉིན་མི་དམངས་ལ་བརྗོད་གཞི། དེང་དུས་འཛམ་གླིང་གི་ལམ་སྟོན་བཟང་པོའི་འོད་སྣང་། ཞེས་པའི་ཐོག་བཀའ་སློབ་ཟབ་རྒྱས་སྩལ་ཡོད།
དེ་རྗེས་༸གོང་ས་མཆོག་གིས་མི་དམངས་ནང་ནས་གཞོན་སྐྱེས་མང་པོ་ཞིག་ལ་དྲི་བ་འབུལ་རྒྱུའི་གོ་སྐབས་སྩལ་བ་བཞིན་ཁོང་རྣམས་ནས་དྲི་བ་མང་དག་ཅིག་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་གྲུབ་མཚམས་མི་དམངས་རྣམས་ནས་དགའ་དད་སྤྲོ་གསུམ་གྱིས་རྣམ་འགྱུར་ཤུགས་ཆེ་བསྟན་ཐོག་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུའི་ལག་པ་རྒྱུན་རིང་རྡེབ་སྐབས་ཛེན་ཀོ་ཇི་མ་དགོན་གྱི་དགེ་འདུན་པས་མགོན་པོ་གང་ཉིད་ལ་ཐུགས་རྗེ་ཆེ་ཞུའི་མེ་ཏོག་ཆུན་པོ་དང་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་བརྙན་ཞིག་འབུལ་ལམ་ཞུས་ཏེ་ཉིན་འདིའི་མཛད་རིམ་ཡོངས་སུ་ལེགས་གྲུབ་བྱུང་བ་བཅས།