༢༠༡༠ ཕྱི་ཟླ་ ༦ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ཇ་མུ་དང་ཀ་ཤི་མིར་ Jammu & Kashmir མངའ་སྡེའི་ཀི་ཤི་ཏི་ཝར་ Kishtwar རྫོང་ཁོངས་སུ་ཡོད་པའི་གུ་ལབ་གྷར་ Gulabgharh ཞེས་པའི་གྲོང་ཚོར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག སྐབས་དེར་མངའ་སྡེའི་བློན་ཆེན་ཨོ་མར་ཨབ་ལྷུ་ལ་ Omar Abdullah མཆོག་ཀྱང་ཕེབས་རྒྱུ་ཡིན་འདུག ༸གོང་ས་མཆོག་གིས་ས་གནས་ཀྱི་མང་ཚོགས་ལ་ཚེ་དཔག་མེད་ཀྱི་ཚེ་དབང་སྩལ་གནང་མཛད་རྒྱུ་དང་།
ས་གནས་དེར་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཧི་མ་ལ་ཡའི་ནང་པའི་རིག་གཞུང་སློབ་གྲྭ་བཙུགས་ཏེ་ལོ་ ༡༥ འཁོར་བའི་དུས་སྟོན་མཛད་སྒོར་ལྷན་ཞུགས་མཛད་རྒྱུ་དང་། སྐབས་དེར་མངའ་སྡེ་བློན་ཆེན་མཆོག་དང་མངའ་སྡེའི་ཡུལ་འཁོར་སྤྲོ་འཆམ་བློན་ཆེན་བཅས་ཀྱང་ལྷན་བཞུགས་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཙམ་ལ་ཧི་མ་ལ་ཡའི་ནང་པ་ཚོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག ཆིབས་སྒྱུར་སྐབས་ས་གནས་དེར་ཧི་མ་ཅལ་དང་ལ་དྭགས་བཅས་ནས་ཆོས་ཞུ་བ་གྲངས་ ༢༥༠༠༠ ཙམ་འདུ་འཛོམས་བྱ་རྒྱུ་ཡིན་པ་ཧི་མ་ལ་ཡའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་ཚོགས་གཙོས་འགྲེལ་བརྗོད་གནང་འདུག ས་གནས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་ཆེད་ནང་པ་ཙམ་མ་ཟད་ཧིན་ལྷུ་དང་ཁ་ཆེའི་མི་མང་རྣམས་ནས་ཀྱང་འདུན་པ་ཧ་ཅང་ཆེན་པོས་ངང་སྒུག་བཞིན་ཡོད་འདུག ཀི་ཤི་ཏི་ཝར་ཞེས་པའི་ས་གནས་ནི་ཇ་མུ་དང་ཀ་ཤི་མིར་གྱི་མངའ་སྡེའི་ནང་ལ་དྭགས་ཕུད་པའི་ནང་པའི་མི་འབོར་མང་ཤོས་གནས་སྡོད་བྱེད་སའི་རྫོང་ཞིག་ཡིན། མགོན་པོ་གང་ཉིད་མཆོག་ས་གནས་དེར་ཆིབས་སྒྱུར་བསྐྱང་ཐེངས་དང་པོ་ཡིན་པ་བཅས།།