༢༠༡༠ ཕྱི་ཟླ་ ༦ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀ་ན་ཛ་ཝ་གྲོང་ཁྱེར་ནང་མངའ་སྡེ་གཞུང་གི་ཚོགས་ཁང་ (Ishikawa Concert Hall) དུ་མི་གྲངས་ ༢༠༠༠ བརྒལ་བར་ཤེས་རབ་སྙིང་པོའི་བཀའ་ཆོས་བཀའ་དྲིན་ཆེ་བ་སྩལ་ཡོད། དེ་ཡང་ཐེངས་འདིར་གསུང་ཆོས་གསོལ་འདེབས་ཞུ་མཁན་དང་གོ་སྒྲིག་གནང་མཁན་ནི་བུ་ཤོ་ཁེ་ཞེས་པའི་ཆོས་ཚོགས་དེ་ཡིན་འདུག ཆོས་ཚོགས་དེས་བོད་པའི་སློབ་ཕྲུག་གི་ཤེས་ཡོན་དང་རིག་གནས་ཐོག་དུས་ཡུན་ལོ་ངོ་ ༢༥ ཙམ་གྱི་རིང་ཐུགས་ཁུར་ཆེན་པོ་བཞེས་མྱོང་ཡོད་པ་དང་གཞི་རྩའི་༸གོང་ས་མཆོག་ལ་དད་དམ་ཤིན་ཏུ་ཆེ་བའི་ཆོས་ཚོགས་ཤིག་ཡིན་འདུག དེ་སྔོན་༸གོང་ས་མཆོག་ཐེངས་ཁ་ཤས་མངའ་སྡེ་དེར་ཆིབས་སྒྱུར་བསྐྱངས་ཏེ་ཆོས་འབྲེལ་གྱི་བཀའ་སློབ་སོགས་ཀྱང་སྩལ་གནང་མྱོང་ཡོད་པ་མ་ཟད་སྐུ་ངལ་གསོ་གནང་སའི་གནས་རྩ་ཆེན་ཞིག་ཀྱང་ཆགས་ཡོད་པ་ལྟར་ཐེངས་འདིར་ཡང་ཕྱི་ཚེས་ ༢༣ ཉིན་མགོན་པོ་གང་ཉིད་མཆོག་སྐུ་ངལ་གསོ་གནང་མཛད་རྒྱུ་ཡིན་འདུག
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་ཁང་ནང་༸ཞབས་སོར་མ་འཁོད་གོང་གོ་སྒྲིག་ཚོགས་ཆུང་ནས་དེར་ཆོས་ཞུར་བཅར་བའི་མི་མང་རྣམས་ལ་༸གོང་ས་མཆོག་གི་སྐུའི་མཛད་རྣམ་སྙིང་བསྡུས་ངོ་སྤྲོད་གནང་ཡོད། དེ་ནས་ཉིན་དེའི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་༸གོང་ས་མཆོག་དངོས་སུ་ཚོགས་ཁང་ནང་༸ཞབས་སོར་འཁོད་རྗེས་ཆོས་ཞུ་བ་རྣམས་ནས་ཉི་ཧོང་གི་སྐད་དུ་ཤེས་རབ་སྙིང་པོ་འུར་འདོན་གནང་། དེ་ནས་༸གོང་ས་མཆོག་གིས་བོད་སྐད་ཐོག་ཤེས་རབ་སྙིང་པོ་གསུང་གནང་གྲུབ་རྗེས་ཆོས་འབྲེལ་བཀའ་དྲིན་ཆེ་བ་སྩལ་དོན། དེ་རིང་ངོས་རང་ས་གནས་འདིར་ཉི་ཧོང་གི་ཆོས་གྲོགས་ཕོ་མོ་རྣམས་ལ་ཤེས་རབ་སྙིང་པོའི་ཆོས་འབྲེལ་བྱེད་རྒྱུའི་གོ་སྐབས་བྱུང་བར་སྐལ་པ་བཟང་པོ་དང་དགའ་པོ་ཞེ་དྲག་བྱུང་། ངོས་རང་ཕྱིའི་རྒྱལ་ཁབ་ཁག་གི་ནང་བསྐྱོད་དེ་ནང་དོན་རིག་པའི་སྐོར་ལ་གཏམ་བཤད་བྱེད་སྐབས་ཁོང་རྣམས་ནི་ནང་པའི་ས་ཁུལ་གྱི་མི་རིགས་མིན་པར་སོང་། སོ་སོའི་ཕ་མེས་ཀྱི་རིག་གཞུང་དང་ཆོས་ལུགས་རྣམས་བདག་གཅེས་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་འགྲེལ་བརྗོད་བྱེད་བཞིན་ཡོད། འོན་ཀྱང་འདི་ག་ཉི་ཧོང་ལྟ་བུ་ནང་པའི་ཡུལ་གྲུ་ཁག་ནས་རང་གི་ཕ་མེས་ཀྱི་གཅེས་ནོར་ནང་པའི་རིག་གཞུང་འདི་བདག་ཉར་དང་སློབ་སྦྱོང་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན། དེ་ཡང་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་ཡིན་ཞེས་བཀའ་སློབ་ཕེབས་ཡོད། དེ་བཞིན་ཆོས་འབྲེལ་སྐབས་ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ། ཞེས་ཕུང་པོ་ལྔ་དེ་ང་དང་གང་ཟག་ཟེར་བ་དེ་གང་ལ་བལྟས་ནས་འདོགས་སའི་ཕུང་པོ་དེ། ཕུང་པོ་ལྔ་པོ་དེ་དག་ཀྱང་ཞེས་བསྡུས་པའི་ཚིག་འདིས་ག་རེ་བསྡུས་ཡོད་དམ་ཞེ་ན། བཏགས་ཆོས་གང་ཟག་གི་རང་བཞིན་བསྡུས་ཡོད་པ་སོགས་དང་། ཡང་འདིར་འཁོད་པའི་སྒྲ་འདི་ལེགས་སྦྱར་སྐད་ནང་འདུག་ལ་བོད་སྐད་ནང་དུ་ཡང་ཡོད། འོན་ཀྱང་རྒྱ་ཡིག་ནང་མེད་ཅེས་སོགས་ཀྱི་ཆོས་འབྲེལ་ཟབ་རྒྱས་སྩལ་ཡོད། ཐེངས་འདིར་ཆོས་ཞུར་བཅར་མཁན་ཧ་ཅང་མང་པོ་བྱུང་ཡོད་པར་བརྟེན་མི་མང་པོ་ཞིག་ཚོགས་ཁང་ནང་མ་ཤོང་བར་ལུས་ཡོད་པ་རྣམས་ལ་འོག་ཁང་ཞིག་གོ་སྒྲིག་གནང་སྟེ་དེའི་ནང་དུ་བརྙན་འཕྲིན་བཙུགས་ཏེ་༸གོང་ས་མཆོག་གིས་སྩལ་བའི་བཀའ་ཆོས་རྣམས་མི་མང་ཧ་ཅང་མང་པོ་ཞིག་གིས་ཞུ་རྒྱུའི་མཐུན་རྐྱེན་བསྐྲུན་འདུག་པ་བཅས།།