སྔོན་འགྲོའི་ངོ་སྤྲོད།
མ་འོངས་པའི་གནས་ཚུལ་ནི་རང་བཞིན་བརྗོད་བདེར་གྱུར་པ་ཞིག་མ་ཡིན་མོད། འོན་ཀྱང་མ་འོངས་པའི་དོན་དུ་བསམ་ཞིབ་འཆར་འགོད་གྲ་སྒྲིག་བྱེད་དགོས་པ་ནི་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་སྐྱེ་བོ་ཀུན་གྱི་ལས་འགན་ཡིན། བོད་གངས་ཅན་དུ་རྒྱ་དམར་བཙན་འཛུལ་བྱུང་བའི་དབང་གིས་བོད་མི་རྣམས་ད་ལྟའང་འགྲོ་བ་མིའི་ཐོབ་ཐང་སྤྱི་མཚུངས་ཙམ་ཡང་མེད་པའི་ཆེས་ཐབས་སྡུག་གི་གནས་བབས་འདི་དབང་དུ་སྡོད་ཐབས་ག་ལ་ཡོད། བོད་གངས་ཅན་ནི་ཡོངས་གྲགས་མི་ལོ་ཉིས་སྟོང་ཙམ་དང་། གནའ་དངོས་སོགས་ལ་གཞིགས་ན་ལོ་བཞི་སྟོང་བརྒལ་བའི་ལོ་རྒྱུས་དང་ལྡན་ཞིང་། ཕྱི་སྣོད་ཀྱི་བཀོད་པ་ཆགས་སྟངས་དང་། ནང་བཅུད་སེམས་ཅན་གྱི་འབྱུང་ཁུངས། རིག་གཞུང་དང་། སྐད་ཡིག ཆས་གོས། གོམས་གཤིས་བཅས་ཐུན་མོང་མ་ཡིན་པའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ཅིང་། བོད་རྗེ་རིམ་བྱོན་དང་། རྗེ་གོང་མ་སྐུ་ཕྲེང་ན་རིམ་བཅས་ནས་བོད་ལྗོངས་ཡོངས་ལ་ལུགས་གཉིས་ཆབ་སྲིད་ཀྱི་མངའ་དབང་བསྒྱུར་ཏེ་སྐྱེ་འགྲོ་སྤྱི་ཡོངས་ཞི་བདེ་བག་ཕེབས་ཆོས་འབྱོར་བདེ་སྐྱིད་དཔལ་ལ་ལོངས་སུ་སྤྱོད་ཅིང་གནས་ཡོད།
དུས་རབས་འདིའི་དཀྱིལ་མཚམས་ནས་རྒྱ་ནག་དམར་པོའི་གཞུང་གིས་བོད་ཤར་ཕྱོགས་མདོ་སྟོད་སྨད་ཁུལ་ནས་བཙན་འཛུལ་གྱི་དྲག་ཤུགས་ཉིན་རེ་བཞིན་ཇེ་ཆེར་བཏང་བས་བོད་གངས་ལྗོངས་ཀྱི་ཆབ་སྲིད་གནས་སྟངས་ཛ་དྲག་གཉན་འཕྲང་དུ་གྱུར་པའི་ཚེ། བོད་ལྗོངས་ལྷ་མི་ཡོངས་ཀྱི་རེ་མོས་བཟློག་མ་ཐུབ་པར་ངོས་རང་ལོ་བཅུ་དྲུག་སོན་སྐབས་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་འགན་ཁུར་དྭང་དུ་མི་ལེན་མཐུ་མེད་བྱུང་། ནུས་ཤུགས་དང་། རང་ཤེད་གདུག་རྩབ་ཆེ་བའི་རྒྱ་དམར་དཔོན་རིགས་རྣམས་ལ་རང་ངོས་ནས་ལོ་ན། ཉམས་མྱོང་། ཤེས་ཚད་གང་ས་ནས་མི་ལྡེང་བའི་དཀའ་ངལ་ཆེན་པོའི་འོག་ལོ་ནས་ལོ་བསྟུད་མཐུན་ལམ་གང་ཐུབ་དང་། བོད་མི་རྣམས་ལ་འཕྲལ་ཕུགས་བདེ་སྐྱིད་འབྱུང་བའི་ཐབས་ཚུལ་གང་ཡོང་བགྱིས་པ་མ་ཟད། ལྷག་པར་བོད་ཀྱི་སྤྱི་ཚོགས་ཀྱི་ལམ་ལུགས་སྐྱོན་ཅན་རྣམས་བསྒྱུར་བཅོས་གཏོང་རྒྱུ་དང་། རིམ་བཞིན་མང་གཙོའི་ལམ་ལུགས་བཟང་པོ་ཞིག་གསར་གཏོད་བྱ་རྒྱུའི་ཆེད་དུ་མི་གྲངས་ལྔ་བཅུ་སྐོར་ཡོད་པའི་ལེགས་བཅོས་ཚོགས་པ་ཞིག་བཙུགས་ཏེ་སྤྱི་ཚོགས་ཀྱི་བདེ་དོན་དང་འབྲེལ་བའི་ལམ་སྲོལ་འགའ་ཤས་བསྒྱུར་བཅོས་ལག་ལེན་བཀལ་བ་དང་། ད་དུང་མུ་མཐུད་ལེགས་བཅོས་ཐུབ་ཐབས་ཀྱི་འབད་བརྩོན་གང་ཡོང་བགྱིས་རུང་། བོད་གངས་ཅན་རྒྱ་དམར་གྱི་མི་སེར་སྤེལ་ཡུལ་དུ་གྱུར་ཟིན་པའི་བཙན་ཤུགས་འོག་རེ་དོན་ཇི་བཞིན་འགྲུབ་ཐུབ་པ་མ་བྱུང།།
བོད་གངས་ཅན་ནང་རྒྱ་དམར་གྱི་དམག་དཔུང་དྲག་ཤུགས་ནུས་སྟོབས་གདེང་འཁེལ་བྱུང་མཚམས་ནས་ཐོག་མའི་སྒྲིག་ཁྲིམས་ལྡན་ཞིང་། མཁས་སྙན་འཇམ་པོའི་རྣམ་འགྱུར་དེ་བསྒྱུར་ནས་དབང་ཡོད་གདུག་རྩབ་བཙན་ཤེད་ཇེ་ཆེར་སོང་བས་གངས་ལྗོངས་མདོ་སྟོད་སྨད་ནས་འགོ་བརྩམས་འུ་ཐུག་ཐབས་ཟད་ཀྱིས་ངོ་རྒོལ་བྱས་པར་དྲག་གནོན་ཚབས་ཆེན་བྱས་མཐར། ༡༩༥༩ ལོར་བོད་མཐའ་དབུས་ཡོངས་རྫོགས་དྲག་ཤུགས་ཀྱིས་མནན་པའི་དུས་སྐབས་བོད་ཀྱི་ལོ་རྒྱུས་ནང་མ་གྲགས་པའི་དུས་འགྱུར་མི་བཟད་པ་ཞིག་བྱུང་། སྐབས་དེར་ངོས་རང་བསྟན་སྲིད་བདེ་ཐབས་སླད་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་མི་ཡོང་མཐུ་མེད་བྱུུང་ཞིང་། དེ་འཕྲལ་གཞིས་ཆགས་དང་། ཤེས་ཡོན་སོགས་རང་དབང་སླར་གསོའི་ལས་སྒོ་མང་པོ་ཞིག་སྒྲུབ་མུས་ནས། རེ་འདོད་སྔོན་ཡོད་ལྟར་བོད་ཀྱི་ཆབ་སྲིད་ལམ་སྲོལ་མང་གཙོའི་ངོ་བོར་བསྒྱུར་ཐབས་གལ་ཆེར་བཟུང་སྟེ། ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསར་གཏོད་བྱས་ཏེ་ད་བར་སྐབས་བཅུ་གཅིག་སོང་། ༡༩༦༡ ལོར་གཞི་རྩའི་མང་གཙོའི་ལམ་སྲོལ་གྱི་གནད་དོན་ཚང་བའི་མ་འོངས་པའི་བོད་ཀྱི་རྩ་ཁྲིམས་སྙིང་དོན་ཞིག་གསལ་བསྒྲགས་ཐོག བཙན་བྱོལ་བོད་མིའི་བསམ་ཚུལ་བསྡུ་ལེན་བྱས་པར། རྩ་ཁྲིམས་ཀྱི་སྙིང་དོན་དེའི་ནང་གལ་ཏེ་དགག་དགོས་དབང་གིས་ཏཱ་ལའི་བླ་མའི་དབང་ཆ་འདོར་དགོས་བྱུང་ན་ཁྲིམས་ལུགས་ལྟར་ཐག་གཅོད་བྱ་རྒྱུ་ཞེས་བཀོད་པ་དེ་སྐོར་ལས། རྩ་བའི་འབྲུ་དོན་གཞན་རྣམས་ལ་མང་ཚོགས་ནས་དགའ་བསུའི་བརྡ་ལན་ འབྱོར།
༡༩༦༣ ལོར་རྩ་ཁྲིམས་ཀྱི་ཟིན་བྲིས་རྒྱས་པ་ཞིག་གསལ་བསྒྲགས་དང་འབྲེལ་བཙན་བྱོལ་གཞུང་གི་ཆབ་སྲིད་འཛིན་སྐྱོང་མང་གཙོའི་ལམ་སྲོལ་གང་ཐུབ་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་ཁུར་འོག་དེ་སྔའི་རྩེ་སྐོར་དང་། ཤོད་སྐོར་ཞེས་པའི་གཞུང་ཞབས་སེར་མོ་བ་དང་། སྐྱ་བོའི་ཡོངས་སྟངས་ལམ་སྲོལ་དང་། གོ་མིང་རྙིང་པ་བཅས་ཕྱིར་བསྡུ་བྱས་ཐོག མང་གཙོའི་གཞུང་གི་སྒྲིག་སྲོལ་དང་མཐུན་པའི་གཞུང་ཞབས་བཀོད་སྒྲིག་ལམ་སྲོལ་གསར་གཏོད་བྱས། རྩ་ཁྲིམས་ཀྱི་ཟིན་བྲིས་དེའི་ནང་དུ་རྒྱལ་ཁབ་ཀྱི་ཁེ་ཕན་ཆེ་ཤོས་ཀྱི་དོན་དུ་ཏཱ་ལའི་བླ་མའི་འགན་ཁུར་ཁྲིམས་ལུགས་ལྟར་སྡེ་སྲིད་ལྷན་ཚོགས་ཀྱིས་བླངས་ཆོག་རྒྱུ་བཀོད་ཡོད། སྐབས་དེའི་མང་ཚོགས་ཀྱི་བློ་འཚམས་གནས་བབས་དང་བསྟུན་ཏེ་གཞུང་གི་འགན་དབང་གཙོ་བོ་ཏཱ་ལའི་བླ་མར་ཡོད་པ་འཁོད་པར་བརྟེན་མང་གཙོའི་ལམ་སྲོལ་ངོས་ཀྱི་རེ་འདོད་ཡོངས་སུ་ཁེངས་པ་ཞིག་བྱུང་མེད།
༡༩༦༩ གསུམ་བཅུའི་དུས་དྲན་གྱི་གཏམ་གླེང་ནང་། བོད་འཛིན་སྐྱོང་བྱེད་པའི་གོ་སྐབས་བོད་མི་ཚོར་བྱུང་བའི་ཉིན་བོད་ཀྱི་སྲིད་གཞུང་ཇི་འདྲ་ཞིག་འཛུགས་མིན་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་དང་། ཏཱ་ལའི་བླ་མས་འཛིན་སྐྱོང་བྱེད་པའི་གཞུང་གི་སྲོལ་ལུགས་འདི་ཡོང་གི་ཡོད་མེད་ངེས་པ་མེད་ཅེས་བཤད་ཡོད། ད་ཆ་གོང་གསལ་རྩ་ཁྲིམས་ཀྱི་ཟིན་བྲིས་གསལ་བསྒྲགས་བྱས་ནས་དུས་ཡུན་གང་འཚམས་སོང་བའི་རིང་འཛམ་གླིང་ནང་མང་གཙོའི་ཁེ་དབང་ལ་གཙིགས་ཆེར་འཛིན་པའི་དུས་འགྱུར་ཆེ་བ་དང་། མང་གཙོ་ནི་མིའི་བསམ་སྤྱོད་རང་དབང་གི་གཞི་རྟེན་ཡང་དག་པ་ཞིག་ཡིན་པས། མ་འོངས་པར་བོད་རང་དབང་སྔ་སོར་ཆུད་མཚམས་དུས་བསྟུན་བསྒྱུར་བཅོས་དགོས་ངེས་བྱེད་འོས་པ་ཡིན།
རྒྱལ་སྤྱིའི་རྩོད་གཞི་ཅན་གྱི་རང་རེའི་ཆབ་སྲིད་གནས་སྟངས་ཐད། ༡༩༨༧ དང་ ༡༩༨༨ ལོ་སོ་སོར་བོད་རྒྱའི་དབར་ཕན་ཚུན་གཉིས་ཕན་ཞི་མོལ་གྱི་ལམ་ནས་འགྲིགས་གཙོའི་ཆེད་ངོས་ནས་གུ་ཡངས་དུས་བསྟུན་ལྷག་བསམ་རྣམ་དག་གིས་བསམ་འཆར་གྲོས་གཞི་སྔ་རྗེས་བཏོན་པ་དེར་ད་ཕན་རྒྱ་ཕྱོགས་ནས་གོ་ཤེས་དྭང་ལེན་བྱས་མེད་ཀྱང་། གནད་དོན་འདི་བཞིན་ལོ་རྒྱུས་དང་། རིག་གཞུང་ཁྱད་འཕགས་ལྡན་པའི་མི་རིགས་ཁྱད་པར་བ་ཞིག་འཛམ་གླིང་འདིའི་སྟེང་ཆགས་འཇིག་གི་མཚམས་ལ་ཐུག་པའི་དོན་རྩ་གཉན་འགངས་ཆེ་ཞིང་། འཛམ་གླིང་སྤྱི་དང་། བྱེ་བྲག་གླིང་ཆེན་ཨེ་ཤ་ཡ། ཡང་སྒོས་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་རྒྱ་དཀར་ནག་གི་ཞི་བདེ་དང་འབྲེལ་བ་ཡོད་པའི་རྩ་དོན་གལ་ཆེའི་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་གི་རྩོད་གཞི་ཞིག་ཡིན་པ་མ་ཟད། འཛམ་གླིང་འདིའི་སྟེང་མི་སེར་སྤེལ་བའི་རིང་ལུགས་དང་། རྒྱ་བསྐྱེད་རིང་ལུགས་མཇུག་སྡོམ་བྱེད་པའི་རྒྱལ་སྤྱིའི་འཐབ་རྩོད་དང་འབྲེལ་ཡོད་ཀྱི་རྩ་དོན་ཆེན་པོ་ཞིག་ཏུ་གྱུར་པ་དང་། རྒྱ་ནག་རྒྱ་ཆེའི་མང་ཚོགས་ནས་ཀྱང་ད་ལྟའི་པེ་ཅིང་གི་ཆབ་སྲིད་འཛིན་སྐྱོང་བྱེད་སྟངས་ལ་བློ་མོས་གཏན་ནས་མེད་པར་བསྒྱུར་བཅོས་དགོས་པའི་བསམ་འཆར་འདོན་མུས། རྒྱ་ནག་གི་བཙན་དབང་འོག་ནས་འཛམ་གླིང་ཡུལ་ཁག་གཞན་དག་ནང་བྲོས་བྱོལ་དུ་འབྱོར་པའི་རྒྱ་རིགས་རྣམས་ནས་ཀྱང་བོད་རྒྱ་གཉིས་ཤིན་ཏུ་ཐ་དད་ཡིན་པ་དང་། བོད་རྒྱ་ཁོངས་ཞེས་པའི་འདོད་ཚུལ་དེ་དངོས་ཡོད་གནས་ཚུལ་མིན་པ། བོད་མིར་རང་བཙན་དང་། རང་ཐག་རང་གཅོད་ཀྱི་ཁེ་དབང་ཐོབ་ཐང་ཡོད་ངེས་ཡིན་པའི་ངོས་འཛིན་བྱེད་བཞིནཡོད། ཉེ་དུས་རྒྱལ་སྤྱིའི་གླིང་ཆེན་གང་སར་མང་གཙོ་དང་། རང་དབང་། དྲང་བདེན་གྱི་གཟི་འོད་སྒོ་གང་ས་ནས་འཕེལ་རྒྱས་འགོག་མེད་དུ་སོང་བས་མདོར་ན་ཡོ་རོབ་ནང་གི་དམངས་གཙོ་གཅིག་སྡུད་ཟེར་བའི་བཙན་དབང་རིང་ལུགས་ཅན་གྱི་རྒྱལ་ཁབ་ཡོངས་རྫོགས་རང་དབང་མང་གཙོའི་ལམ་ཕྱོགས་སུ་བསྐྱོད་དང་སྐྱོད་བཞིན་པ་དང་། བཙན་ཤུགས་ཀྱི་དབང་བསྒྱུར་འོག་གནས་པའི་མི་རིགས་ཁག་མི་མང་གི་འདོད་མོས་ལྟར་རང་དབང་རང་བཙན་གྱི་ཐོབ་ཐང་བྱུང་བ་སོགས་འཕོ་འགྱུར་ཤུགས་ཆེ་འགྲོ་བཞིན་པ། བཙན་བྱོལ་དུ་ཡོད་པའི་གཞུང་མང་ནས་ཀྱང་བོད་རང་དབང་གི་དོན་དུ་འབད་བརྩོན་ཆེ་བསྐྱེད་བྱེད་མུས། ལྷག་པར་མི་ལོ་བཞི་བཅུ་བརྒལ་བའི་རིང་བཙན་འོག་ཏུ་ཚུད་ཅིང་། རང་དབང་གཏན་བྲལ་དུ་གནས་པའི་གཞིས་ལུས་གངས་ཅན་པ་མང་ཚོགས། གཞོན་ནུ་ཕོ་མོ། གུང་ཁྲན་ཏང་མི་དང་། ལས་གནས་གོ་ཐོབ་ཡོད་པ་སོགས་རྡོ་དོན་བོད་མི་རྩམ་ཟན་བརྒྱ་ཆ་གོ་དགུས་རྒྱའི་དབང་ཡོད་ཐུབ་ཚོད་ལ་གཏིང་ནས་མི་དགའ་བའི་ཞེ་ལོག་བྱེད་ཅིང་། ན་གཞོན་མང་པོ་ཞིག་གིས་བཙན་དབང་དྲག་གནོན་ཅི་བྱས་ལ་མ་ལྟོས་པར་ལུས་སྲོག་བློས་བཏང་གི་སྙིང་སྟོབས་ཆེན་པོས་རང་དབང་རང་བཙན་གྱི་ཁེ་དབང་ལ་སྤྱོད་ཆེད་རྒྱ་མི་བོད་ནས་ཕྱིར་ལོག་དགོས་པའི་སྐད་འབོད་ངོ་རྒོལ་མུ་མཐུད་བྱས་དང་བྱེད་བཞིན་པ། དེང་རྒྱལ་སྤྱིའི་ནང་སྤྱི་སྒེར་ཕལ་མོ་ཆེས་བོད་མིའི་བདེན་དོན་གསལ་རྟོགས་ཀྱིས་བོད་དང་། བོད་མིར་དོ་སྣང་དང་རྒྱབ་སྐྱོར་ནུས་ཤུགས་ཇེ་ཆེར་འགྲོ་མུས་བཅས་ལ་བརྟེན། བོད་རྒྱའི་རྩོད་རྙོག་ཞི་བའི་ལམ་ནས་སེལ་ཐབས་མ་བྱས་པར་ད་མུས་མཁྲེགས་བཟུང་དུས་འགྱངས་བྱ་ཐབས་གཏན་ནས་མེད་པས། མི་རིང་བར་བོད་ཡུལ་བོད་མིར་རྩིས་སྤྲོད་མི་བྱ་མཐུ་མེད་ཀྱི་དུས་ཚེས་ངེས་པར་ཤར་རྒྱུ་ཡིན།
གཞིས་བྱེས་མཉམ་འཛོམས་ཀྱི་དུས་སྐབས་བཟང་པོ་ཤར་མཚམས་རྒྱ་ཆེའི་མང་ཚོགས་ལ་དོན་དངོས་ཀྱི་རང་དབང་གཏན་ནས་མེད་པའི་དམངས་གཙོ་གཅིག་སྡུད་ཟེར་བའི་ད་ལྟའི་ལམ་ལུགས་དེ་དག་བསྒྱུར་བཅོས་ཀྱིས་མང་ཚོགས་ཀྱི་བློ་མོས་དང་འཚམས་པའི་འགྲོ་འོང་། གཏམ་བརྗོད། བསམ་བློའི་རང་དབང་ཡོངས་སུ་རྫོགས་ཤིང་། གསར་གཏོད་ཀྱི་རང་བཞིན་ལྡན་པའི་བོད་ཆོལ་གསུམ་ཡོངས་རྫོགས་གཅིག་ཏུ་བསྒྲིལ་བའི་རང་དབང་མང་གཙོ་མཉམ་འབྲེལ་གྱི་ལམ་སྲོལ་ཡང་དག་པའི་ཕྱོགས་སུ་བསྐྱོད་རྒྱུ་དང་། ལམ་སྲོལ་དེ་གཞི་རྩར་བཟུང་། དམ་པའི་ཆོས་ཀྱི་དགོངས་དོན་བྱམས་བརྩེ་དང་། དྲང་བདེན། འདྲ་མཉམ། ཞི་བདེའི་བསྟི་གནས། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ལྟ་བར་བརྟེན་པའི་སྲིད་གཞུང་སྟེ། ཁྲིམས་བཟོ་དང་། འགན་འཛིན། ཁྲིམས་ལུགས་བཅས་ཀྱི་སྡེ་ཚན་དང་། འགན་དབང་ཐ་དད་འདྲ་མཉམ་དུ་ཡོད་པ། སྲིད་དོན་ཚོགས་ཁག་ཅན་གྱི་གྲོས་ཚོགས་ཀྱི་ལམ་སྲོལ་ལྡན་པ་ཞིག་བྱུང་ན་སྙམ་པ་ཡིན།
ངོས་ནས་དུས་རྟག་ཏུ་བརྗོད་མུས་སུ་ཡོད་པ་བཞིན་བོད་ཀྱི་བདག་པོ་ནི་བོད་མི་རྣམས་ཡིན་པ་དང་། དེ་ཡང་གཙོ་བོར་གཞིས་སུ་ཡོད་པའི་བོད་མི་རྣམས་ཡིན་པས་མ་འོངས་པར་བོད་རང་དབང་མང་གཙོའི་སྲིད་གཞུུང་གི་འགན་ཁུར་གཙོ་བོ་བོད་ནང་དུ་ཡོད་པའི་བོད་མི་སྤྱི་དང་། ལྷག་པར་ད་ལྟ་རྒྱ་མིའི་དབང་འོག་ཏུ་ལས་འགན་འཁུར་བཞིན་པའི་བོད་མི་ལས་བྱེད་རྣམས་ལ་ཉམས་མྱོང་དང་། རྒྱུས་ཡོད་ཀྱི་ཆ་ནས་འགན་འཁྲི་འཁུར་བབས་ཆེ་བ་ཡོད་པ་ལྟར། དེ་ལྟའི་ལས་བྱེད་རྣམས་ཀྱིས་ཡིད་དྭོགས་ཐེ་ཚོམ་སྤངས་ཏེ་རང་ཡུལ་རང་དབང་སླར་གསོ་དང་། འཛིན་སྐྱོང་གོང་མཐོར་སྤེལ་བའི་ལྷག་བསམ་བློ་སྟོབས་ཆེ་བསྐྱེད་བྱེད་གལ་ཤིན་ཏུ་ཆེ།
ད་ཕན་བོད་མི་འགའ་ཞིག་གིས་རྒྱ་མིའི་བཀོད་བྱུས་འོག་མི་ཤེས་པའམ། མི་འདོད་དབང་མེད་དུ་གཏམ་བརྗོད་བྱ་སྤྱོད་སྣ་ཚོགས་ཤིག་བྱུང་ཡོད་ཀྱང་། འདས་པའི་ལོ་རྒྱུས་ལ་འཁོན་འཛིན་ཞེ་གནག་བྱ་རྒྱུར་དགེ་མཚན་མ་མངོན་ཞིང་། གཙོ་གལ་ཆེ་ཤོས་ནི་འབྱུང་འགྱུར་བོད་མི་སྤྱི་ཡོངས་ལ་བདེ་སྐྱིད་འབྱུང་ཐབས་སུ་ཚང་མས་ལྷག་བསམ་ཆིག་སྒྲིལ་བྱ་དགོས།
མ་འོངས་པར་ངོས་ནས་བོད་གཞུང་གི་འགན་ཁུར་དང་། ལམ་ལུགས་རྗེས་འབྲེལ་ཆབ་སྲིད་ཀྱི་གོ་གནས་གང་ཡང་ལེན་རྒྱུ་མིན་པ་སྔོན་ནས་ཐག་བཅད་ཟིན་པ་ཡིན། དེའི་དགོས་པ་རྒྱུ་མཚན་ནི། བོད་གངས་ཅན་གྱི་རྒྱ་ཆེའི་མང་ཚོགས་ནས་ངོས་རང་ལ་ཡིད་ཆེས་དད་མོས་རེ་བཅོལ་ཇི་ལྟར་བྱེད་པ་ཚང་མས་ཤེས་གསལ་ཐོག རང་ངོས་ནས་ཀྱང་ལས་སྨོན་དབང་གིས་གངས་ལྗོངས་བསྟན་སྲིད་མི་མང་ལ་ཕན་བདེ་སྒྲུབ་པའི་ལྷག་བསམ་གཡོ་མེད་བརྟན་པོར་ཡོད་པས། འབྱུང་འགྱུར་སྲིད་གཞུང་གི་གོ་མིང་དབང་ཆ་མ་བཟུང་བར་སྤྱི་མི་ལྟ་བུར་བསྡད་དེ། སྲིད་གཞུང་གིས་སེལ་མ་ཐུབ་པའི་དམིགས་བསལ་དཀའ་ངལ་འགའ་ཞིག་སྤྱི་མི་གཟུར་གནས་ཤིག་གི་ངོས་ནས་སེལ་ཐབས་ཡོང་རྒྱུ་དང་། ལྷག་པར་བོད་གངས་ཅན་འདི་བཞིན་ཇི་སྲིད་བར་དེང་རབས་ཀྱི་རྒྱལ་སྤྱིའི་ནང་འདྲ་མཉམ་དུ་འཚོ་གནས་ཐུབ་པའི་ཆེད་མི་གཅིག་ལ་བརྟེན་པ་མ་ཡིན་པར་རྒྱ་ཆེའི་བོད་མི་མང་ཚོགས་ཀྱི་རྣམ་དཔྱོད་བློ་རྩལ་འདོན་སྤེལ་གྱིས་ཆབ་སྲིད་ཁུར་འགན་ལེན་རྒྱུ་ཤིན་ཏུ་གལ་གནད་ཆེ་བ་བཅས་སྤྱི་སྒོས་འཕྲལ་ཡུན་ཕན་རླབས་ཆེ་བའི་གནད་འགག་དགོས་པ་དགེ་མཚན་ལ་བསམ་གཞིགས་ནན་ཏན་གྱིས་ཐག་གཅོད་བྱས་པ་ཡིན་པས་ངོས་ནས་སྤྱི་དོན་ལ་སེམས་ཁུར་ལྷོད་པ་ལྟ་བུའི་བློ་གཡེང་གཏན་ནས་མི་དགོས།
རྒྱ་མིའི་བཙན་ཤུགས་བོད་ནས་ཕྱིར་འཐེན་གྱིས་བོད་གངས་ཅན་པའི་རང་དབང་བསྐྱར་གསོ་བྱུང་མཚམས་ནས་བོད་ཀྱི་རྩ་ཁྲིམས་གཏན་འབེབས་མ་ཟིན་པའི་རིང་བར་བརྒལ་གྱི་དུས་སྐབས་ཤིག་འཛིན་དགོས་ཤིང་། དེའི་རིང་དཔལ་འབྱོར་དང་། ཤེས་ཡོན། རིག་གཞུང་། འཕྲོད་བསྟེན། བཟོ་ཚོང་། ཞིང་འབྲོག འགྲིམས་འགྲུལ་ལ་སོགས་པའི་ལས་དོན་རྒྱུན་སྐྱོང་བྱེད་དགོས་པའི་ལས་ཁུངས་སྒྲིག་འཛུགས་དགོས་ངེས་ཁག་མུ་མཐུད་འཛིན་སྐྱོང་ཐོག་ད་ལྟ་ལས་དོན་བྱེད་བཞིན་པའི་བོད་མི་ལས་བྱེད་ལྷག་བསམ་ཅན་རྣམས་ནས་འགན་ཁུར་ལེན་དགོས།
བར་བརྒལ་གྱི་དུས་ཡུན་རིང་ཆབ་སྲིད་དབང་འཛིན་བྱེད་པོ་སྲིད་འཛིན་གཅིག་བསྐོ་བཞག་བྱ་རྒྱུ་དང་། བསྐོ་བཞག་བྱས་པ་དེར་ངོས་ཀྱི་ཆབ་སྲིད་འགན་ཁུར་ཡོངས་རྫོགས་རྩིས་སྤྲོད་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་བཙན་བྱོལ་བོད་གཞུང་རང་བཞིན་གྱིས་ཕྱིར་བསྡུ་ཟིན་པར་ཆ་འཛིན་བྱ་རྒྱུ། ཕྱིར་བསྡུ་ཟིན་པའི་བཙན་བྱོལ་གཞུང་གི་གཞུང་ཞབས་ཆེ་ཕྲར་བོད་གངས་ཅན་གྱི་ལས་དོན་ཐོག་སྤྱི་འགྲེའི་འགན་ཁུར་ལས། བཙན་བྱོལ་རིང་གི་གོ་གནས་རྗེས་འབྲེལ་གྱི་དམིགས་བསལ་ཐོབ་ཐང་མེད། འོན་ཀྱང་རང་རང་གི་ཤེས་ཡོན་དང་། ཕྱི་ནང་གི་མྱོང་གོམས་ལ་དཔག་པའི་བར་བརྒལ་སྲིད་གཞུང་གིས་འོས་བབས་ལས་འགན་བཀོད་སྒྲིག་ཇི་བྱུང་འདོད་མོས་དང་བསྟུན་དྭང་ལེན་བྱེད་དགོས།
བར་བརྒལ་གྱི་སྲིད་གཞུང་དེའི་ལས་འགན་གཙོ་བོ་ནི། རྩ་ཁྲིམས་གཏན་འབེབས་བྱེད་མཁན་བོད་གངས་ཅན་གྱི་ས་ཁུལ་ཡོངས་རྫོགས་ནས་རྩ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་བསྡུ་བསྐོང་བྱེད་རྒྱུ་དེ་ཡིན། འཐུས་མི་དེ་རྣམས་ཀྱི་རྩ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཁུར་འགན་བླངས་ཏེ་འདི་ནས་གོ་སྒྲིག་བྱས་པའི་རྩ་ཁྲིམས་འཆར་ཟིན་ཁག་དཔྱད་གཞིར་བཟུང་སྟེ་རྩ་ཁྲིམས་གཏན་འབེབས་ཀྱིས་བར་བརྒལ་གྱི་སྲིད་འཛིན་ལ་ཆོག་མཆན་ཞུ་རྒྱུ་དང་། གཞུང་འཛིན་གསར་པ་འོས་འདེམས་ཆེད་འོས་བསྡུ་ལས་ཁང་ཞིག་འཕྲལ་དུ་དགོས་གལ་ཡོང་རྒྱུར་དེའི་སྤྱི་ཁྱབ་བར་བརྒལ་སྲིད་འཛིན་གྱིས་ཁྲིམས་ལུགས་ལྟར་བསྐོ་བཞག་བྱ་རྒྱུ།
བར་བརྒལ་གྱི་དུས་ཡུན་དང་། སྒྲིག་འཛུགས།
རྒྱ་མིའི་བཙན་ཤུགས་ཕྱིར་འཐེན་གྱིས་བོད་ལ་རང་དབང་བསྐྱར་གསོ་བྱུང་བ་ནས། བོད་རང་དབང་མང་གཙོའི་རྩ་ཁྲིམས་གཏན་འབེབས་ཀྱིས་ཁྲིམས་ལུགས་ལྟར་གཞུང་སྲིད་གསར་པ་འགོ་འཛུགས་མ་ཟིན་བར་བར་བརྒལ་གྱི་དུས་ཡུན་ཞིག་དགོས་པ་ཡིན།
༡་ བོད་ལ་རང་དབང་བྱུང་མ་ཐག་བར་བརྒལ་གྱི་དུས་ཡུན་རིང་ཆབ་སྲིད་དབང་འཛིན་བྱེད་པོ་སྲིད་འཛིན་ཞིག་དགོས་པ་ནི།
ཀ༽ ངོས་ནས་ཆོལ་གསུམ་ཁྱོན་གྱི་འགོ་ཁྲིད་མི་སྣ་ལས་སྒྲིག་འཛུགས་བྱས་པའི་ཚོགས་ཆུང་ཆེད་འཛུགས་ཀྱིས་ཆོལ་གསུམ་བོད་ཀྱི་ས་ཁུལ་འཛིན་སྐྱོང་སྡེ་ཚན་འདྲ་མིན་ཁག་གི་འགོ་ཁྲིད་རྣམས་ལ་གོ་བསྡུར་བྱས་ཏེ་བོད་གངས་ཅན་གྱི་ས་ཁུལ་ཡོངས་ནས་རྫོང་ཁག་ཡན་གྱི་འཐུས་མི་ཆེད་བསྐོང་ཛ་དྲག་ཚོགས་འདུ་ཞིག་བསྡུས་ཏེ་ཚོགས་འདུ་དེ་ཐོག་ནས་བར་བརྒལ་སྲིད་འཛིན་གྱི་འོས་གཞི་མི་གྲངས་བདུན་ལས་མི་བརྒལ་བ་ཞིག་འོས་འདེམས་བྱུང་ཁོངས་ནས་སུ་རུང་ཞིག་ལ་ངོས་ནས་བསྐོ་བཞག་བྱ་རྒྱུ།
ཁ༽ ཡང་དེ་འདྲའི་འོས་གཞི་འདེམས་སྒྲུག་བྱ་སྟབས་འགྲིགས་མིན་ཤར་ཚེ་བར་བརྒལ་གྱི་སྲིད་འཛིན་ཞིག་ངོས་ནས་ཐད་ཀར་བསྐོ་བཞག་བྱ་རྒྱུ།
༢་ བར་བརྒལ་གྱི་སྲིད་འཛིན་ལ་བསྐོ་བཞག་བྱུང་བའི་སྐྱེ་བོ་དེས་ངོས་ཀྱི་མདུན་སར་ལས་ཁུར་དང་། གསང་རྒྱའི་དམ་བཅའམ། ཁས་ལེན་ཞུ་དགོས།
༣་ བར་བརྒལ་གྱི་སྲིད་འཛིན་དེར་ངོས་ནས་བོད་ཀྱི་མངའ་དབང་དང་། ངོས་ཀྱི་མིང་གནས་རྗེས་འབྲེལ་སྲིད་གཞུང་གི་འགན་དབང་ཡོངས་རྫོགས་ཁྲིམས་ལུགས་ལྟར་རྩིས་སྤྲོད་བྱ་རྒྱུ།།
༤་ བར་བརྒལ་དུས་ཡུན་གྱི་སྲིད་འཛིན་དེའི་འགན་ཁུར་འོག་བོད་ཀྱི་རྩ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་ཤིག་བསྡུ་བསྐོང་བྱ་རྒྱུ་དང་། བསྡུ་བསྐོང་བྱས་པའི་རྩ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་དེས་རྩ་ཁྲིམས་ཀྱི་འཆར་ཟིན་ཁག་ལ་དཔྱད་ཞིབ་ཀྱིས་རྩ་ཁྲིམས་གཏན་འབེབས་བྱ་རྒྱུ་བཅས་དུས་ཡུན་ལོ་གཅིག་ནང་ཟིན་པ་བྱ་རྒྱུ།
༥་ གཏན་འབེབས་བྱས་པའི་རྩ་ཁྲིམས་ནང་གསལ་གྲོས་ཚོགས་ཁག་གི་འཐུས་མི་དང་། ཚོགས་གཙོ། སྲིད་འཛིན། སྲིད་བློོན་བཅས་ཀྱི་འོས་བསྡུའི་ལས་དོན་མཐའ་དག་གི་ཆེད་བར་བརྒལ་གྱི་འོས་བསྡུ་ལས་ཁང་ཞིག་དགོས་པར་དེའི་སྤྱི་ཁྱབ་འགན་འཛིན་དང་། ཚོགས་མི་བཅས། བར་བརྒལ་སྲིད་འཛིན་གྱིས་ཐད་ཀར་བསྐོ་བཞག་བྱ་རྒྱུ།
༦་ ཁྲིམས་ལུགས་ལྟར་རྩ་ཁྲིམས་གཏན་འབེབས་ཀྱིས་ཁྲིམས་སུ་བཅས་པ་ནས། བར་བརྒལ་གྱི་འོས་བསྡུ་ལས་ཁང་གི་འགན་ཁུར་འོག་གྲོས་ཚོགས་ཀྱི་འཐུས་མི་དང་། སྲིད་འཛིན་གྱིས་གཙོས་འོས་བསྡུའི་ལས་དོན་ཁག་ཟིན་ཏེ་དམ་འབུལ་དང་འབྲེལ་དངོས་སུ་འགན་ཁུར་མ་བླངས་ཀྱི་བར་དུས་ཡུན་ལོ་གཅིག་བཅས་བར་བརྒལ་གྱི་དུས་ཡུན་ལོ་གཉིས་ལས་མི་བརྒལ་བ་བྱ་རྒྱུ།
༧་ རྩ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་བསྡུ་བསྐོང་བྱ་ཕྱོགས་ཐད་རྒྱལ་ས་དང་། གྲོང་ཁྱེར། ས་ཁུལ། རྫོང་ཁག་རེ་རེ་བཅས་ནས་འོས་བསྡུ་བྱས་པའི་འཐུས་མི་ཉིས་བརྒྱ་ལྔ་བཅུ་ལས་མི་ཉུང་བ་ཞིག་དགོས་པ་ཡིན།
༨་ རྩ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་ཚུགས་མ་ཐག་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཞིབ་གསལ་གཏན་འབེབས་ཀྱིས་ལག་ལེན་བསྟར་རྒྱུ།
༩་ རྩ་ཁྲིམས་གཏན་འབེབས་ཟིན་རྗེས་ཁྲིམས་ལུགས་ལྟར་གྲོས་ཚོགས་གསར་འཛུགས་ཀྱིས་དམ་འབུལ་ལས་དོན་འགོ་འཛུགས་ཟིན་པ་དང་ཆབས་ཅིག་རྩ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ལས་ཁུར་རང་བཞིན་གྱིས་འཁྱུར་དགོས་པ་ཡིན།
༡༠་ ཐེངས་དང་པོའི་འོས་བསྡུའི་ལས་དོན་ཡོངས་རྫོགས་ཟིན་ཏེ་ཁུངས་སོ་སོས་ལས་ཁུར་དམ་བཅའ་འབུལ་གྲུབ་མཚམས་བར་བརྒལ་གྱི་སྲིད་འཛིན་དང་། འོས་བསྡུ་ལས་ཁང་གི་ལས་གནས་འཁྱུར་ཏེ། ཁྲིམས་ལུགས་ལྟར་འོས་བསྡུ་བྱས་པའི་རང་དབང་མང་གཙོའི་གཞུང་གིས་དངོས་སུ་ལས་དོན་འགོ་འཛུགས་བྱ་རྒྱུ་བཅས།
མ་འོངས་པའི་བོད་རང་དབང་མང་གཙོའི་རྩ་ཁྲིམས་འཆར་ཟིན་རྒྱས་པ་འགའ་ཞིག་འདི་ནས་བཟོ་འགོད་བྱེད་བཞིན་དུ་ཡོད་པ་དེའི་མཐའ་མའི་གཏན་འབེབས་ཐག་གཅོད་བྱེད་རྒྱུའི་འགན་དབང་ཐད་ཁྲིམས་ལུགས་ལྟར་བོད་ཀྱི་མངའ་རིས་ཡོངས་ཀྱི་འཐུས་མི་རྒྱས་འཛོམས་རྩ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་ལ་ཡོད། མ་འོངས་པའི་བོད་མང་གཙོའི་གཞུང་གི་ལམ་སྲོལ་ཇི་འདྲ་ཞིག་ཡིན་མིན་ལམ་ཙམ་སྔོན་ཚུད་ཤེས་རྟོགས་ཡོང་ཐབས་དང་། བསམ་ཞིབ་བྱེད་རྒྱུའི་ཆེད་དུ་གྲོས་ཚོགས་ལམ་ལུགས་ཤིག་གི་རྩ་ཁྲིམས་འཆར་ཟིན་སྙིང་དོན་འདི་བཞིན་གསལ་བསྒྲགས་བྱས་པ་ཡིན།
མ་འོངས་མང་གཙོའི་རྩ་ཁྲིམས་ཀྱི་རྩ་དོན་ཁག
རྩ་ཁྲིམས་ཀྱི་ཁྱད་གནད།
༡ ཁྲིམས་ལུགས་ལྟར་གཏན་འབེབས་བྱས་པའི་རྩ་ཁྲིམས་ནི་བོད་ཀྱི་སྲིད་དབང་ཡོངས་རྫོགས་ཀྱི་རྟེན་གཞི་དང་། འབྱུང་ཁུངས་བླ་ན་མེད་པ་ཡིན།
ཆབ་སྲིད་ཀྱི་རང་བཞིན།
༢ བོད་ཀྱི་ཆབ་སྲིད་རང་བཞིན་ནི། བོད་དང་། ཉེ་སྐོར་ཡུལ་ཁག་འཛམ་གླིང་ཁྱོན་ཡོངས་ཀྱི་ཕན་བདེའི་ཆེད། འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་རང་དབང་དང་། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ། མཉམ་འབྲེལ། ཁོར་ཡུག་སྲུང་སྐྱོབ་དང་བཅས་པའི་ཞི་བདེའི་བསྟི་གནས་ཤིག་བསྐྲུན་རྒྱུ།
གཞུང་གི་རྩ་དོན།
༣ གཞུུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་བྱེད་པ་དང་། བོད་མི་ཡོངས་ཀྱི་བསམ་སྤྱོད་དང་། དངོས་པོའི་ཁེ་ཕན་ཡར་རྒྱས་གཏོང་བའི་ལས་འགན་བསྒྲུབ་རྒྱུ།
དམག་འཐབ་སྤོང་བ།
༤ བོད་ཀྱི་ཡུུལ་ཁམས་ནི་འཚེ་མེད་བྱམས་བརྩེ་ལྡན་པའི་ཞི་བའི་བསྟི་གནས་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟེ་གནས་ཤིག་ཏུ་བསྒྱུར་ཐོག བར་གནས་ཀྱི་ངོ་བོར་གནས་ཏེ་དོན་གནད་གང་ཅིའི་ཐོག་དམག་འཐབ་སྤོང་རྒྱུ།
གཞི་རྩའི་ཐོབ་ཐང་།
༥ བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། ཕོ་མོ་དང་། རིགས་རུས། སྐད་ཡིག ཆོས་ལུགས། སེར་སྐྱ། ཤ་མདོག གནས་སྟངས་གཞན་དག་གང་ཅིའི་ཐོག་དབྱེ་འབྱེད་མེད་པར་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག་པ་ཡིན།
གཞི་རྩའི་ཐོབ་ཐང་གཞན་ཁག
༦ བོད་ཀྱི་ཡུལ་མི་ཚང་མར་ལུས་སྲོག་དང་། འདོད་དབང་། མཁར་དབང་བཅས་ཀྱི་ཐོབ་ཐང་དང་། གཏམ་བརྗོད། མཁར་དབང་ཉོ་ཚོང་དང་། བདག་འཛིན། ཚོགས་པ་འཛུགས་པ། གསར་ཤོག་དང་། དུས་དེབ་འགྲེམས་སྤེལ། གཞུང་དང་། གཞུང་འཛིན་ལས་དོན་རིགས་སུ་ཞུགས་རྒྱུའི་ཐོབ་ཐང་ཡོད།
གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་།
༧ ཁྲིམས་ལུགས་གཞིར་བཟུང་ཡུལ་མི་ཕོ་མོ་ཚང་མར་འོས་བསྡུ་བྱེད་པ་དང་། འོས་གཞིར་ཞུགས་པའི་ཐོབ་ཐང་ཡོད།
ས་ཆའི་བདག་དབང་།
༨ བོད་ཀྱི་མངའ་རིས་སུ་གཏོགས་པའི་ས་ཆ་རྣམས་མི་མང་གི་ཁེ་ཕན་དང་། མི་མང་གི་གནས་ཡུལ། རང་བྱུང་ཁོར་ཡུག་གི་བབས་ནས་བགོ་འགྲེམས་དང་། བེད་སྤྱོད་བྱ་རྒྱུ། བོད་གཞུང་ནས་བོད་ཀྱི་ཡུལ་མི་ཚོར་སྡོད་གནས་དང་། ཞིང་ས། ཕྱུགས་ས། ཁང་ས། བཟོ་ལས་འཛུགས་སྐྲུན། ཚོང་དོན། དེ་མིན་སྒེར་གྱི་འཚོ་ཐབས་བཅས་ཀྱི་ཆེད་དུ་རང་བདག་གི་ཐོབ་ཐང་སྤྲོད་རྒྱུ། སྒེར་བདག་མ་ཡིན་པའི་ས་ཆ་རྣམས་གཞུང་ནས་སྟངས་འཛིན་བྱ་རྒྱུ།
དཔལ་འབྱོར་འགྲོ་ལུགས།
༩ དཔལ་འབྱོར་གྱི་ལམ་ལུགས་ནི་མ་རྩའི་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་མཐའ་གཉིས་སུ་མ་ལྷུང་བར་བོད་ཀྱི་གནས་བབས་ལ་གཞིགས་པའི་དམིགས་བསལ་ཅན་གྱི་དཔལ་འབྱོར་ལམ་ལུགས་ཤིག་བཟོ་རྒྱུ་དང་། ཡོང་འབབ་ལ་གཞིགས་པའི་དཔྱ་ཁྲལ་འགྲོ་ལུགས་བཟོ་རྒྱུ།
ཤེས་ཡོན་དང་། རིག་གཞུང་།
༡༠ སྤྱི་ཚོགས་ཡར་རྒྱས་དང་། ཡུལ་མིའི་གཤིས་རྒྱུད་བཟང་པོ་འབྱུང་བའི་གཞི་རྩ་ཤེས་ཡོན་ལ་རག་ལུས་པར་བརྟེན་ཤེས་རིག་གི་སྲིད་བྱུས་ཡང་དག་ཅིག་ལག་ལེན་བསྟར་བའི་ཐོག གཞི་རིམ་སློབ་སྦྱོང་གི་རིམ་པ་དང་། མཐོ་རིམ་ཤེས་ཡོན། དམིགས་བཀར་ལས་རིགས། བཟོ་ལས། ཚན་རིག་དང་། རྩོམ་རིག ཆོས་བཅས་ཉམས་ཞིབ་བྱ་བར་མཐུན་རྐྱེན་བསྒྲུབ་རྒྱུ།
འཕྲོད་བསྟེན།
༡༡ སྤྱི་ཚོགས་འཕྲོད་བསྟེན་གྱི་ལས་རིགས་དང་། སྨན་བཅོས་མཐུན་རྐྱེན་ལྡེང་ངེས་ཡར་རྒྱས་གཏོང་ཐབས་ཐོག་སྤྱི་ཚོགས་འཕྲོད་བསྟེན་ལ་ལྟ་རྟོག་འགོ་འདོན་གྱི་སྒྲིག་འཛུགས་བཟོ་རྒྱུ།
ཁྲིམས་བཟོའི་དབང་འཛིན།
༡༢ ཁྲིམས་བཟོའི་དབང་ཆ་ནི། རྒྱལ་ཡོངས་མངའ་སྡེའི་འཐུས་མིའི་གྲོས་ཚོགས་དང་། རྒྱལ་ཡོངས་མི་མང་སྤྱི་འཐུས་གྲོས་ཚོགས་གཉིས་ལ་ཡོད་ཅིང་། གྲོས་ཚོགས་དེ་གཉིས་ནས་གཏན་འབེབས་བྱས་པའི་ཁྲིམས་ཡིག་གྲོས་འཆར་ལ་སྲིད་འཛིན་གྱི་ཆོག་མཆན་ཐོབ་དགོས། རྒྱལ་ཡོངས་མི་མང་སྤྱི་འཐུས་གྲོས་ཚོགས་ནི་བོད་ཀྱི་མངའ་རིས་ཡོངས་རྫོགས་སུ་འོས་བསྡུའི་ཐོབ་ཐང་ཡོད་པའི་མི་འབོར་གྲངས་ཚད་ཆ་བགོས་བྱས་པ་གཞིར་བཟུང་ཡུལ་མི་སོ་སོས་ཐད་ཀར་འོས་འདེམས་བྱས་པའི་སྤྱི་འཐུས་ལས་གྲུབ་པ་དེ་དབང་ཆ་མཐོ་ཤོས་ཀྱི་གྲོས་ཚོགས་ཡིན། རྒྱལ་ཡོངས་མངའ་སྡེའི་འཐུས་མིའི་གྲོས་ཚོགས་ནི། མངའ་སྡེ་སོ་སོའི་གྲོས་ཚོགས་ཀྱིས་འོས་འདེམས་བྱས་པའི་འཐུས་མི་དང་། གྲངས་ཚད་ཁྲིམས་ལུགས་ལྟར་གཏན་འབེབས་བྱས་པའི་སྲིད་འཛིན་གྱིས་ཐད་བསྐོས་འཐུས་མི་བཅས་ལས་གྲུབ་པ་ཡིན།
འགན་འཛིན་དང་། འགན་འཛིན་དབང་ཆ།
༡༣ ཀ གྲོས་ཚོགས་ལམ་ལུགས་གཞིར་བཟུང་གྲོས་ཚོགས་གཉིས་དང་། མངའ་སྡེའི་གྲོས་ཚོགས་ཁག་གི་འཐུས་མིས་འོས་འདེམས་བྱས་པའི་སྲིད་འཛིན་དང། སྲིད་འཛིན་གཞོན་པ་བཅས་དགོས་པ་ཡིན། ཁ གཞུང་གི་འགན་འཛིན་དབང་ཆ་ན། ཁྲིམས་ལུགས་ལྟར་སྲིད་བློན་དང་། སྲིད་བློན་དེས་འདེམས་སྒྲུག་བྱས་པའི་བློན་ཆེན་ལྷན་ཚོགས་ལ་ཡོད། སྲིད་བློན་ནི་རྒྱལ་ཡོངས་མི་མང་སྤྱི་འཐུས་གྲོས་ཚོགས་ནང་སྲིད་དོན་གྱི་ཚོགས་པའམ། སྡེ་ཚན་གང་རུང་གི་ཐོག་ནས་ངོ་ཡོད་སྤྱི་འཐུས་ཀྱི་མང་མོས་གྲངས་ཚད་ལོངས་པ་ཡོད་ན་དང་། དེ་མིན་སྤྱི་འཐུས་ཡོངས་ནས་འོས་འདེམས་བྱས་པ་ཞིག་ཡིན་དགོས།
ཁྲིམས་ལུགས་དབང་འཛིན།
༡༤ གཞུང་དང་། ཡུལ་མི་སུ་ཐད་ནས་ཁྲིམས་མཐུན་མིན་པའི་ལས་དོན་བྱས་རིགས་ལ་སྟངས་འཛིན་ཁྲིམས་ཞིབ་ཐག་གཅོད་དྲང་བདེན་འདྲ་མཉམ་ཡོང་ཆེད་དང་། རྩ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་ཐག་གཅོད་དང་སྲུང་སྐྱོབ་བྱ་རྒྱུ་བཅས་ཀྱི་ཆེད་སྲིད་གཞུང་གི་དབང་འོག་ཏུ་མེད་པའི་རང་དབང་ཅན་གྱི་ཁྲིམས་ལུགས་དབང་འཛིན་དང་། ཁྲིམས་ཁང་ཁག་གི་འགོ་གཙོ། གོང་རིམ་ཞུ་གཏུགས་བྱ་ཡུལ་གོང་ན་མེད་པའི་ཆེས་མཐོའི་ཁྲིམས་ཁང་ཞིག་དགོས་པ་ཡིན།
མངའ་སྡེ་ཁག
༡༥ བོད་ཀྱི་མངའ་རིས་ཡོངས་རྫོགས་འགྲིམས་འགྲུལ་དང་། མི་འབོར། ས་བབས་གནས་སྟངས་ཚང་མར་ཞིབ་བརྟག་གིས་གྲོས་ཚོགས་ཆེན་མོ་ནས་མངའ་སྡེ་ཁག་ཏུ་དབྱེ་རྒྱུ། མངའ་སྡེ་སོ་སོར་མངའ་སྡེའི་ཁྲིམས་བཟོའི་དབང་འཛིན་མི་མང་ནས་འོས་འདེམས་བྱས་པའི་གྲོས་ཚོགས་དང་། སྲིད་འཛིན་གྱིས་བསྐོ་བཞག་བྱས་པའི་མངའ་སྡེའི་སྲིད་སྐྱོང་དང་། མངའ་སྡེའི་གྲོས་ཚོགས་ནས་འདེམས་ཐོན་བྱུང་བའི་སྤྱི་ཁྱབ་བློན་ཆེན་གྱིས་འགོ་ཁྲིད་པའི་མངའ་སྡེའི་བློན་ཆེན་ལྷན་ཚོགས། ཁྲིམས་ལུགས་དབང་འཛིན་མངའ་སྡེའི་ཁྲིམས་ཁང་མཐོ་བ་བཅས་ཡོད་པའི་ཐོག མངའ་སྡེ་སོ་སོའི་གནས་སྟངས་ལ་གཞིགས་པའི་ཁྲིམས་ལུགས་དང་། སྒྲིག་གཞི་ཁག་མངའ་སྡེའི་གྲོས་ཚོགས་ནས་གཏན་འབེབས་བྱ་རྒྱུ་དང་། དོན་གནད་གལ་ཆེ་འགའ་རེའི་སྐོར་ལ་མ་གཏོགས་དེ་མིན་ལས་དོན་ཡོངས་རྫོགས་མངའ་སྡེ་སོ་སོ་ནས་ཐག་གཅོད་ཆོག་པ་བཟོ་རྒྱུ།
གོང་དོན་རྣམས་ནི་གྲོས་ཚོགས་ལམ་ལུགས་ཤིག་གི་དཔེ་མཚོན་ཙམ་ཡིན་ཅིང་། དེ་མིན་གྲོས་ཚོགས་ལམ་ལུགས་གཞན་དག་དང་། རྩ་ཁྲིམས་ལམ་ལུགས། རང་དབང་མང་གཙོའི་ལམ་ལུགས་གཞན་དག་བཅས་འདྲ་མིན་ཇི་སྙེད་ཡོད་འདུག་པ་ཁྲིམས་ལུགས་མཁས་པ་ཁག་ལ་གོ་བསྡུར་གྱིས་སོ་སོའི་འགྲོ་ལུགས་ཞིབ་གསལ་འཁོད་པའི་རྩ་ཁྲིམས་འཆར་ཟིན་རེ་ཕྱོགས་སྒྲིག་བྱ་མུས་སུ་ཡོད་པ་འདི་དག་དཔྱད་གཞིར་བཟུང་ཐོག དེ་དག་གི་ཁོངས་ནས་རང་ཅག་བོད་གངས་ཅན་ཡུལ་དུ་འོས་ཤིང་འཚམས་པའི་ལམ་སྲོལ་ཞིག་རྩ་ཁྲིམས་ཁྲིམས་བཟོ་ཚོགས་པ་ནས་འདེམས་སྒྲུག་གཏན་འབེབས་བྱེད་དགོས་པ་ལས། ངོས་ནས་འདི་བྱེད་ཐག་གཅོད་བྱ་རྒྱུ་མིན།
བསྐྱར་ཞིབ་བསྒྱུར་བཅོས།
གཏན་འབེབས་ཟིན་པའི་རང་དབང་མང་གཙོའི་རྩ་ཁྲིམས་དེ་བཞིན་དངོས་སུ་ལག་ལེན་བསྟར་ཏེ་ལོ་གྲངས་གང་འཚམས་སོང་རྗེས་དངོས་ཡོད་ཀྱི་ཉམས་མྱོང་དང་། མང་ཚོགས་ཀྱི་བསམ་འཆར་དང་བསྟུན་ཏེ་བསྐྱར་ཞིབ་བསྒྱུར་བཅོས་དགོས་རིགས་བགྱིད་འཐུས།
དོན་མདོར་བསྡུ་ན། བོད་ཡུལ་ནི་ཨེ་ཤ་ཡའི་སྙིང་དབུས་དང་། འཛམ་གླིང་གི་རྩེ་ཐོག རྒྱ་དཀར་ནག་གཉིས་ཀྱི་བར་དུ་གནས་ཤིང་། བོད་མི་རྣམས་ཀྱང་རང་བཞིན་དྲང་བདེན་ཞི་འཇམ་སྤྱོད་བཟང་གི་གོམས་གཤིས་རྒྱུན་འཇགས་སུ་ཡོད་པས། མ་འོངས་པའི་རང་དབང་ཅན་གྱི་བོད་དེ་འཚེ་མེད་ཞི་བའི་ལྟ་བ་འཛིན་པའི་ཞི་བདེའི་ཡུལ། རང་དབང་མང་གཙོའི་ལམ་སྲོལ་ཅན། སྐྱེ་རྒུའི་འཚོ་ཁམས་འཕྲོད་བསྟེན་ལ་གནོད་གཞིའི་ཆུ་དང་མཁའ་རླུང་བཙོག་རྡུལ་གྱིས་མ་སྦགས་པ། རང་བྱུང་ཁམས་ཀྱི་མཛེས་སྡུག་གཏོར་བཤིག་ཆུད་ཟོས་མི་འབྱུང་བའི་ཁོར་ཡུག་སྲུང་སྐྱོབ་ཆ་ལག་ཚང་བ། ཡུལ་ནང་དྲག་དཔུང་དང་། མཚོན་ཆའི་རྟེན་གཞི་གང་ཡང་མེད་པའི་ཞི་བདེ་བག་ཕེབས་ཀྱི་ཡུལ་ལུང་བདེ་སྐྱིད་ལྡན་པ་ཞིག་འབྱུང་བ་དང་།
དེང་དུས་འཛམ་གླིང་ནང་ཧ་ཅང་འཕྲུལ་ཆས་དར་ཆེའི་ཡུལ་ལུང་འགའ་ཞིག་ཏུ་ཕྱོགས་གཅིག་ནས་མི་རྣམས་ལ་ཆ་རྐྱེན་སྣ་མང་ཕུན་སུམ་ཚོགས་པ་ཡོད་རུང་། ཕྱོགས་གཞན་ཞིག་ནས་མིའི་ཆེ་མཐོང་རིན་ཐང་རང་དབང་བརླགས་ཏེ་མི་རྣམས་འཕྲུལ་ཆས་ཀྱི་བྲན་གཡོག་ཏུ་ཚུད་པ་ལྟ་བུ་དང་། སྤྱིར་བཏང་ཡུལ་ལུང་ཕལ་མོ་ཆེར་ནི་རྒྱ་ཆེའི་མང་ཚོགས་རྣམས་ལ་དགོས་ངེས་མཁོ་ངེས་ཀྱི་ཆ་རྐྱེན་དག་ཀྱང་མ་འཛོམས་པར་དབུལ་ཞིང་ཕོངས་པའི་གནས་སུ་ལྷུང་པ་འདི་ལྟ་བུའི་འབྱོར་རྒུད་ཀྱི་མཐའ་གཉིས་སྤངས་ཏེ། བོད་ཡུལ་སྤྱི་དང་། རྒྱ་ཆེའི་མང་ཚོགས་ཀྱི་དགོས་མཁོ་ཁོ་ནར་དམིགས་པའི་རང་དབང་ཅན་གྱི་དཔལ་འབྱོར་ལམ་ལུགས་དང་། འཛུགས་སྐྲུན་གྱི་འཆར་འགོད་འཐུས་ཚང་ཞིག་བྱས་ཏེ་བོད་མི་ཡོངས་རྫོགས་ལ་མཁོ་རྒུའི་ཆ་རྐྱེན་དགོས་ངེས་རྣམས་ཡོངས་སུ་ཚང་བ་ཞིག་བྱ་རྒྱུ།
ཡུལ་གཞན་གྱི་སྲིད་བྱུས་དང་། ལྟ་བ་འདྲ་མིན་གྱི་ཕྱོགས་གང་དུ་ཡང་མ་ལྷུང་བའི་བར་གནས་གཙང་མ། ཁྱིམ་མཚེས་ཡུལ་ཁག་དང་འདྲ་མཉམ་གཉིས་ཕན་གྱི་སྒོ་ནས་མཛའ་མཐུན་མཉམ་གནས་བྱ་རྒྱུ། ཡུལ་ཕྱོགས་གང་ཞིག་ལ་ཡང་སྡང་སེམས་དགྲར་འཛིན་གྱི་ལྟ་བ་སྤངས་ཏེ་མཛའ་གྲོགས་དམ་གཙང་དུ་གནས་པ་བཅས་དེ་ལྟ་བུའི་རང་སྐྱིད་མི་སྨོན་གྱི་བོད་ཡུལ་ཞིག་འཛུགས་སྐྲུན་བྱ་རྒྱུར་ལྷག་བསམ་བློ་གྲོས་ལྡན་པའི་བོད་མི་ཚོས་དགའ་སྤོབས་ཆེན་པོའི་སྒོ་ནས་འབད་བརྩོན་བྱེད་དགོས། སྤྱི་སྒོས་ཀུན་ལ་དགེ་བའི་སྨོན་འདུན་བཅས། ཏཱ་ལའི་བླ་མས། བོད་རྒྱལ་ལོ་ ༢༡༡༨ རབ་བྱུང་བཅུ་བདུན་པའི་ལྕགས་ལུག་ཟླ་ ༡༢ ཚེས་ ༢༤ ཕྱི་ལོ་ ༡༩༩༢ ཟླ་ ༢ ཚེས་ ༢༦ ལ།།