དེ་རིང་གི་ཉིན་མོ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་དུ་མ་ཕེབས་གོང་དགོངས་གཞི་ཡོད་པ་ལྟར་ཕྱི་ལོ་ ༡༩༦༠ ལོར་བཙན་བྱོལ་བོད་གཞུང་དེ་མང་གཙོའི་ལམ་སྲོལ་ཅན་དུ་བསྒྱུར་གནང་མཛད་དེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོའི་སྤྱི་འཐུས་རྣམས་དམ་འབུལ་ཞུས་པ་ནས་ད་བར་ལོ་ངོ་ ༤༩ ཧྲིལ་པོ་སོང་བ་དང་ལོ་ལྔ་བཅུ་འགོ་འཛུགས་ཀྱི་ཉིན་དང་པོ་དེ་ཆགས་ཀྱི་ཡོད། འཛམ་གླིང་ནང་སྐྱབས་བཅོལ་སྤྱི་ཚོགས་ཇི་སྙེད་ཅིག་ཡོད་པའི་ནང་ནས་བཙན་བྱོལ་བོད་གཞུང་གི་མང་གཙོའི་སྒྲིག་འཛུགས་ཆ་ལག་ཡོངས་སུ་ཚང་བ་གཞན་དང་མ་འདྲ་བ་ཡོད་པ་འདི་ཉིད་༧རྒྱལ་བ་རིན་པོ་ཆེའི་ཕུགས་རྒྱངས་རིང་པོའི་དགོངས་གཞི་དང་། དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་བར་མཚམས་མ་ཆད་པར་སྩལ་བའི་བཀྲིན་ལས་དགའ་སྤོབས་བྱེད་འོས་པ་ཞིག་ཆགས་ཡོད། ཡིན་ནའང་ང་རང་ཚོའི་ངོས་ནས་གནས་སྟངས་དང་བསམ་བློའི་གནས་ཚད་མ་ལོན་པའི་དབང་གིས་ཐོག་མའི་ལོ་ངོ་ ༣༠ རིང་༸གོང་ས་མཆོག་གི་དགོངས་གཞི་ལྟར་མང་གཙོ་ཡང་དག་པ་ཞིག་གི་ལམ་དུ་བསྐྱོད་ཐུབ་མེད་རུང་། ཕྱི་ལོ་ ༡༩༩༡ ལོར་བཅའ་ཁྲིམས་དང་གཞན་ཡང་ཁྲིམས་སྒྲིག་ཁག་གཏན་འབེབས་བྱས་པ་ནས་ཁྲིམས་ཀྱི་དབང་བསྒྱུར་འོག་བསྐྱོད་ཐུབ་པ་དང་། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་ཐད་ཀར་མི་མང་གིས་འོས་འདེམས་བྱ་ཐུབ་པ་བྱུང་བ་དེ་གཉིས་ང་ཚོའི་མང་གཙོའི་འཕེལ་རིམ་གྱི་ལས་རིམ་ནང་མདུན་མཆོངས་ཆེན་པོ་ཡིན་པར་ངོས་འཛིན་ཞུ་ཆོག་པ་ཞིག་ཆགས་ཡོད།
ད་ལྟའི་ཆར་ང་ཚོའི་མང་གཙོའི་གཞུང་འདི་ཕྱིའི་སྒྲོམ་གཞིའི་ཐོག་ནས་རྒྱལ་སྤྱིའི་ནང་མང་གཙོ་ཚད་ལྡན་གྱི་གཞུང་རྣམས་དང་མཐུན་པའི་མང་གཙོའི་ཀ་བ་གསུམ་གྱི་དབར་དབང་ཆ་ཆ་བགོས་དང་དབང་ཚད་ལྗིད་མཉམ། འགན་འཁུར་དང་སྟངས་འཛིན་གང་གི་ཆ་ནས་བཙན་བྱོལ་གནས་བབ་དང་བསྟུན་ཏེ་འགྲོ་བཞིན་ཡོད། དྲང་བདེན་དང་འདྲ་མཉམ། ཕྱི་གསལ་ནང་གསལ་ཡོང་སླད་མེད་དུ་མི་རུང་བའི་རང་དབང་ཅན་གྱི་སྒྲིག་འཛུགས་ཁག་གི་ལས་དོན་ཚགས་ཚུད་དང་། གཞན་ཡང་མང་གཙོའི་རྒྱན་དུ་གྱུར་པའི་གཞུང་ཁོངས་མ་ཡིན་པའི་ཆོས་དང་རིག་གནས། ཆབ་སྲིད། དཔལ་འབྱོར། སྤྱི་ཚོགས་དང་འབྲེལ་བའི་སྒྲིག་འཛུགས་ཁག་དང་། རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་མང་དག་ཡོད་པ་དེའང་ངོམས་སུ་ཆོག་པ་ཡོད་གཤིས། ལྷག་པར་དུ་ང་ཚོའི་སྤྱི་ཚོགས་ནང་དངུལ་དང་དབང་ཤུགས་ཀྱིས་དབང་སྒྱུར་བྱེད་པ་མ་ཡིན་པ་དང་། ཆབ་སྲིད་གཙང་མ་དང་། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་མེད་པ་དེས་གཞུང་གི་མཛད་གཙོ་རྣམ་པ་དང་ལས་བྱེད་རྣམ་པའི་བཟང་སྤྱོད་ཀྱི་མཚོན་རྟགས་ཡིན།
ཡར་རྒྱས་ལ་མཐའ་མེད་པར་སོང་། དེང་གི་གོ་ལ་གཅིག་གྱུར་དང་བརྡ་འཕྲིན་མ་ལག་ལ་སོགས་པའི་འགྱུར་བའི་མྱུར་ཚད་ཆེན་པོ་འགྲོ་བའི་སྐབས་འདིར། ཕྱི་འཛམ་གླིང་གི་ཤན་དང་གནོན་ཤུགས་བོད་དང་བོད་མི་ཚོར་འཕྲད་རྒྱུ་ཡིན་པ་འདོན་མི་ཟ་བས། བོད་མིའི་བསམ་བློ་དང་བྱ་སྤྱོད་ལའང་འགྱུར་བ་འགྲོ་བཞིན་པ་དེ་སྤྱི་ཚོགས་ཐོག་ཏུའང་སྣང་ཐུབ། དེ་ལ་གདོང་ལེན་བྱེད་ཕྱོགས་གཙོ་བོ་ནི་བོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོར་འཛིན་ཐོག གནས་བབ་དང་བསྟུན་ཏེ་དུས་ནས་དུས་སུ་འགྱུར་བ་ གཏོང་འོས་ཀྱང་གཏོང་དགོས། ང་ཚོའི་གྲོས་ཚོགས་ཀྱི་འགྲོ་ལུགས་དང་། གྲུབ་ཆ། འོས་འཕེན་གྱི་ཐོབ་ཐང་། སྒྲིག་འཛུགས་ཁག་བཅས་པ་ཆབ་སྲིད་དང་དངོས་ཡོད་གནས་སྟངས། གནས་དུས་དང་བསྟུན་ཏེ་ཆགས་ཡོད་ནའང་། ད་ལྟའི་གནས་དུས་དང་འཚམས་པའི་ལེགས་བཅོས་བྱ་འོས་རིགས་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་བསམ་བློ་གཏོང་བཞིན་ཡོད། དེ་བཞིན་གཞུང་ཞབས་མ་ཡིན་པའི་སྒྲིག་འཛུགས་ཁག་དང་། མི་མང་གི་ངོས་ནས་ཚོར་མེད་ལྟ་བུ་མ་ཡིན་པ་མང་གཙོའི་ལས་རིམ་ནང་མཉམ་ཞུགས་གནང་སྟེ། བསམ་ཚུལ་དང་སྤྱི་དོན་ཐོག་དུས་ཚོད་གཏོང་རྒྱུ། ནུས་པ་འབུང་རྒྱུ་སོགས་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད།
རྡ་ས་བཞུགས་སྒར་དུ་དབུས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ལས་དོན་ཚགས་ཚུད་དགོས་པ་ཙམ་དུ་མ་ཟད། ས་གནས་སུ་ས་འཐུས་མེད་སར་ས་འཐུས་འཛུགས་ཐུབ་པ་དང་། ས་འཐུས་ཡོད་སར་ཚགས་ཚུད་ཡོང་ཐབས་ལ་འབད་དགོས། ཉེ་བའི་ཆར་མན་སྤར་གཞིས་ཆགས་སུ་ས་འཐུས་བསྐྱར་འཛུགས་ཐུབ་པ་དང་སྒང་ཏོག་ཏུ་བསྐྱར་འཛུགས་བྱ་འཆར་ཡོད་པ་ལ་སྤྱི་འཐུས་རྒྱུན་ལས་ནས་བསྔགས་བརྗོད་ཞུས་ཡོད། ད་ཡོད་ཀྱི་མང་གཙོའི་སྒྲིག་འཛུགས་རྣམས་མིང་ཙམ་དུ་མ་ལུས་པར་དོན་དངོས་སུ་སྲ་བརྟན་ཚགས་ཚུད་བཟོ་རྒྱུ་དེ་ད་ལྟ་ང་ཚོའི་མང་གཙོའི་འཕེལ་རིམ་གྱི་ལས་འགན་གལ་ཆེ་ཞིག་ཡིན་པ་དང་། གཞི་རིམ་མང་ཚོགས་ནང་མང་གཙོའི་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དེ་གནད་ཀྱི་གཙོ་བོ་ཡིན། དེའི་ཆེད་དུ་བོད་མི་མང་སྤྱི་འཐུས་རྣམ་པ་འདི་ལོ་ནས་བཟུང་ས་བགོས་བྱས་ཏེ་མི་མང་དང་མི་མང་གི་འཐུས་མིའི་དབར་འབྲེལ་བ་དམ་ཟབ་གཏོང་ཐུབ་པ་ཙམ་དུ་མ་ཟད། མང་གཙོའི་འཕེལ་རིམ་སྤྱིའི་འཕེལ་རྒྱས་ལ་ཕན་པའི་ལས་རིམ་གལ་ཆེན་ཞིག་ཏུ་བརྩིས་ཏེ་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་གནས་ཡུལ་ཚང་མར་ཕེབས་ཡོད། སྤྱི་འཐུས་ཕྱོགས་བསྐྱོད་ཕེབས་པའི་ལས་བསྡོམས་ལ་གཞིགས་ན་ཐུགས་ཕན་གསོས་ཡོད་པའི་རྣམ་པ་མངོན་པ་དང་། ལས་བསྡོམས་ཀྱི་མཇུག་སྐྱོང་རིམ་བཞིན་འཛིན་སྐྱོང་ལྷན་དུ་གོ་བསྡུར་གྱིས་བྱ་འཆར་ཡིན།
མང་གཙོ་ནུས་ཤུགས་ཆེ་རུ་གཏོང་བ་དང་། ཚད་ལྡན་ཡོང་བ་ལ་མི་མང་གི་ཤེས་ཡོན་དང་གོ་རྟོགས་ཇེ་ཆེར་འགྲོ་དགོས། དེ་ཡོང་བ་ལ་གཞུང་དང་འབྲེལ་ཡོད་མང་གཙོའི་སྒྲིག་འཛུགས་ཁག་ནས་མི་མང་ལ་དངོས་ཡོད་གནས་ཚུལ་ཁུངས་སྤྲོད་ཐུབ་པ་བྱ་རྒྱུ་དང་། མི་མང་གིས་གནས་ཚུལ་དེ་དག་ལ་རྟོག་ཞིབ་ཀྱིས་སྤྱི་པར་ཕན་པའི་རྒྱུ་མཚན་དང་ལྡན་པའི་བསམ་ཚུལ་འབུལ་རྒྱུ། སོ་སོའི་ལངས་ཕྱོགས་འཛིན་རྒྱུ། དེ་བཞིན་རྒྱུ་མཚན་ཤོད་པ་དང་། བགྲོ་གླེང་བྱེད་པ། ཁོག་རྒྱ་ཡངས་པོ་དང་བཟོད་བསྲན་ཐོག་ནས་བསམ་བློ་མ་མཐུན་པ་ཁས་ལེན་བྱེད་ཐུབ་པ་བཅས་མང་གཙོའི་མཚན་ཉིད་གལ་གནད་ཆེ་བ་ཁག་ཡིན་པས་བརྩི་སྲུང་བྱེད་དགོས།
རྩ་བའི་ཆ་ནས་འདས་པའི་ལོ་ངོ་ཞེ་དགུའི་ནང་ཡར་རྒྱས་མི་དམན་པ་བྱུང་ཡོད་མོད་ད་དུང་ཡང་སྤྱི་ཚོགས་ནང་གཞན་བརྟེན་གྱི་བསམ་བློ་ཤུགས་ཆེ་ལ། འགན་འཁུར་མི་དགོས་པའི་གཞི་མེད་སྐྱོན་བརྗོད་མང་དག་ཅིག་ཀྱང་ཡོང་བསྡད་ཀྱི་ཡོད། དེས་སྤྱི་པའི་ལས་དོན་ལ་ཕན་རྒྱུ་ཕར་ཞོག དཀྲུགས་ཤིང་དང་འགོག་རྐྱེན་བཟོ་གི་ཡོད་པས། དུས་ཚོད་ཆུད་བཟོས་དང་མཚམས་རེ་ལྷག་བསམ་ཅན་གྱི་འགན་འཁུར་བ་དང་ལས་བྱེད་བཅས་བློ་ཕམ་གྱི་རྒྱུར་འགྲོ་བཞིན་ཡོད་པས། དེ་དག་ཐུགས་སྣང་གཟབ་ནན་དང་སྦྲགས་མཚམས་འཇོག་གནང་གལ། བཙན་བྱོལ་གཞུང་གི་ངོས་ནས་བོད་མི་སྤྱི་དང་ལྷག་པར་དུ་ཉམ་ཐག་པ་རྣམས་ལ་རོགས་སྐྱོར་ཞུ་བཞིན་ཡོད། ལ་ལས་བཙན་བྱོལ་གཞུང་གི་བང་མཛོད་དེ་རྫོགས་རྒྱུ་མེད་པ་ལྟ་བུའི་བསམ་བློ་འཁྱེར་ནས། ཉམ་ཐག་མིན་ནའང་དེའི་ཁོངས་ཚུད་ཐབས་བྱ་རྒྱུ་ལ་སོགས་པ་ནང་པ་ཡིན་བཞིན་ལས་རྒྱུ་འབྲས་ལ་མ་བལྟོས་པའི་སྤྱོད་ཚུལ་ཡོང་བཞིན་འདུག་ན། བཙན་བྱོལ་གཞུང་གི་དཔལ་འབྱོར་ཡོང་ཁུངས་དང་འགྲོ་གྲོན་གྱི་གནས་སྟངས་ཤེས་པར་བྱ་དགོས། ལོ་ངོ་ཞེ་དགུའི་རྗེས་ལ་གཞུང་མང་གཉིས་ཀའི་དཔལ་འབྱོར་རང་ཁ་རང་གསོ་བྱེད་ཐུབ་པའི་ཐབས་ལམ་འདོན་ཐབས་བྱ་དགོས། དེ་རིང་མཛད་སྒོ་འདིའི་བརྒྱུད་ནས་བོད་མི་འབྱོར་ལྡན་པ་ལ་ལས་གཞུང་མང་གཉིས་ལ་སྨན་པའི་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་གནང་གི་ཡོད་པ་རྣམས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ད་ལྟ་བཙན་བྱོལ་གྱི་གནས་སྟངས་དང་བོད་ནང་ཛ་དྲག་གི་གནས་སྟངས་འདི་ལྟ་བུའི་སྐབས་སུ་སོ་སོའི་ཐོབ་ཐང་རྩོད་པ་ལས་ལས་འགན་བསྒྲུབ་རྒྱུ་འདི་གལ་འགངས་ཆེ་བ་ཡིན།
མང་གཙོའི་འགྲོ་ལུགས་ནང་གཞུང་གི་གཙོ་འཛིན་བརྗེ་བསྒྱུར་བྱ་རྒྱུའི་དབང་ཚད་ཆ་ཚང་མི་མང་ལ་ཡོད་པས་འོས་བསྡུའི་ལས་རིམ་ནང་གཞུག་རྒྱུ་དེ་ཐོབ་ཐང་ཡང་ཡིན་ལ་ལས་འགན་ཡང་ཆེ་ཤོས་ཡིན། ཡིན་ནའང་སྔར་ལམ་ལྟར་ན་ཕྱི་ལོ་ ༢༠༠༦ བཀའ་ཁྲིའི་འོས་འདེམས་སྐབས་བོད་མི་འོས་འཕེན་གྱི་ཆ་རྐྱེན་ཚང་བ་ ༡༡༠བྱ༠༠༠ ཙམ་ནས་ ༧༢༧༧༡ གིས་མ་གཏོགས་དེབ་སྐྱེལ་ཡང་བྱས་མེད་པ་དང་། དེའི་ནང་ནས་བོད་མི་ ༣༢༢༠༥ ཡིས་མ་གཏོགས་དངོས་སུ་འོས་འཕངས་མེད་པ་དེས་ང་ཚོའི་ཛ་དྲག་པའི་ཆབ་སྲིད་ཀྱི་གནས་བབ་འདི་འདྲའི་འོག་ཏུའང་བཙན་བྱོལ་བོད་མི་ཚོས་འགན་ཇི་ཙམ་འཁྱེར་གྱི་ཡོད་མེད་གསལ་པོ་རྟོགས་ཐུབ། རིང་མིན་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་སླེབས་རྒྱུར། ཆབ་སྲིད་ཀྱི་ཛ་དྲག་གི་གནས་སྟངས་དང་མི་རབས་བརྗེ་བསྒྱུར་འགྲོ་བཞིན་པའི་དུས་སྐབས་འདིར་མ་འོངས་བཀའ་བློན་ཁྲི་པ་དང་སྤྱི་འཐུས་རྣམས་གཙོ་བོ་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་སྒྲུབ་ཐུབ་མཁན་དང་། མི་མང་གི་མངོན་འདོད་སྒྲུབ་ཐུབ་མཁན། ཤེས་འབྱོན་གཉིས་ལྡན། བབ་ལྷིང།བརྟན་གསུམ་གནང་མཁན། ཐག་ཆོད་པོ། མ་འོངས་ཀྱི་འཆར་སྣང་ གསལ་པོ་ཡོད་པ། དྲང་བདེན། སྙིང་སྟོབས་དང་ལྡན་པ། བཟང་སྤྱོད་ལྡན་པ། ཆིག་བསྒྲིལ་གྱི་ནུས་པ་འདོན་ཐུབ་མཁན། བོད་དང་རྒྱ་ནག བཙན་བྱོལ་གྱི་གནས་སྟངས་བཅས་གསལ་ཤེས་དང་། ཉམས་མྱོང་ཅན་ཞེ་གཅིག་འདེམས་དགོས་པ་དང་།
བོད་པའི་སྤྱི་ཚོགས་ནང་ཁྱད་ལས་པ་དང་རིགས་གཅིག་རྐང་འཛིན་གང་མང་ཐོན་ཐུབ་ཐབས་ཐོག བཙན་བྱོལ་བོད་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག དགེ་སློབ། ཕ་མ་སོ་སོ་བཅས་ཕྱོགས་ཡོངས་ནས་འཁུར་འགན་ཆེ་བཞེས་ཀྱིས་འབད་ཐབས་ངེས་གནང་ཡོང་བའི་རེ་འབོད་ཞུ་རྒྱུ་ཡིན། གཞུང་གི་ལས་དོན་སྲིད་བྱུས་ཁག་བཀའ་ཤག་བརྒྱུད་དངོས་སུ་ལག་བསྟར་བྱེད་པོ་སྲི་ཞུའི་ལས་བྱེད་པ་ཡིན་པར་སོང།སྲི་ཞུ་བ་མང་དག་ནས་ད་བར་ཞབས་ཞུ་ཧུར་བསྐྱེད་རྒྱུན་བསྲིངས་ཞུས་དང་ཞུ་བཞིན་པ་བསྔགས་འོས་ཀྱི་རང་བཞིན་ཡང་། མང་དག་ཅིག་གཞུང་ཞབས་ཁོང་འབབས་ཚུགས་ལྟ་བུ་གནང་སྟེ་རང་མགོ་གང་ཐོན་གྱིས་གནས་མ་ཐུབ་པར་ཐོན་འགྲོ་བ་དཔེར་ན། ཕྱི་ལོ་ ༢༠༠༥ ནས་ད་བར་ལས་བྱེད་གསར་བསྐོ་བྱས་པ་མི་གྲངས་ ༢༥༦ བྱུང་ཡོད་པ་ནས་གཞུང་ཞབས་རྒས་ཡོལ་ཐོན་རིགས་ཕུད། རྩ་དགོངས་དང་། རང་བཞིན་གྱིས་བུད་པ་བཅས་ལས་བྱེད་མི་གྲངས་ ༡༡༤ བྱུང་འདུག་པ་དེ་བཞིན་བརྒྱ་ཆར་ཕབ་ན་བརྒྱ་ཆ་ ༤༥ ཙམ་ཆགས་ཀྱི་འདུག་པས་དེང་བོད་དང་བོད་མིའི་གནས་སྟངས་ཛ་དྲག་གཉན་འཕྲང་ཇི་འདྲར་ཐུག་ཡོད་པར་བསམ་ཤེས་ཀྱིས་ཞབས་ཞུ་རྒྱུན་བསྲིངས་ཐུབ་པ་གནང་གལ་ཆེ།
བཙན་བྱོལ་བོད་མི་རྣམས་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་རང་དབང་མང་གཙོའི་སྐལ་བཟང་ལ་ལོངས་སུ་སྤྱོད་བཞིན་ཡོད་ནའང་། གཞིས་བཞུགས་བོད་མི་རྣམས་ནི་ད་དུང་ཡང་རྒྱ་ནག་དམར་པོའི་སྲིད་གཞུང་གི་འོག་འགྲོ་བ་མི་ཡི་ཐོབ་ཐང་དང་། མང་གཙོ། ་བརྗོད་རང་དབང་སོགས་གང་ཡང་མེད་པར་འཛིན་བཟུང་བཀག་ཉར་དང་། བཙོན་འཇུག་ཁྲིམས་གཅོད། དྲག་གནོན་མནར་གཅོད་སོགས་ཀྱི་འོག་མུ་མཐུད་གནས་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་དེ་དག་ལས་བསྐྱབ་ཐབས་ཀྱི་འབད་འབུངས་བྱ་རྒྱུ་ནི་ང་ཚོའི་ནམ་ཡང་འདོར་དུ་མི་རུང་བའི་ལས་འགན་གལ་ཆེ་ཞིག་ཆགས་ཡོད།
སྐབས་བབ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འགན་གྱི་ཆ་ཤས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་རྒྱལ་སྤྱིའི་ནང་རྒྱལ་ཁབ་སོ་སོའི་གྲོས་ཚོགས་འཐུས་མིར་འབྲེལ་བ་གང་ཐུབ་ཞུ་བཞིན་ཐོག ད་ཐེངས་སྦེལ་ཇི་ཡམ་དོན་གཅོད་ཁྱབ་ཁོངས་པེ་རི་སི་ལས་ཁུངས་ཀྱི་གོ་སྒྲིག་འོག ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མིའི་སྐུ་ཚབ་ད་རིང་མཛད་སྒོའི་སྐུ་མགྲོན་དུ་ཕེབས་ཡོད་པ་དང་། མ་འོངས་པར་ཡང་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཁག་འགའ་ཕེབས་འཆར་ཡོད། ལྷག་པར་དུ་རིང་མིན་འདི་ལོའི་ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པ་དེ་ཨི་ཊ་ལི་ཚོགས་འཆར་ཡོད་ཁར། སྔ་ལོ་དམིགས་བསལ་ཚོགས་ཆེན་ཚོགས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཕེབས་དགོངས་ལྟར་གྲོས་ཚོགས་ཚོགས་དུས་བརྒྱད་པར་གཏན་འབེབས་ཟིན་མཚམས་ཕྱི་ལོ་ ༢༠༡༠ ནང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཞིག་འཚོགས་འཆར་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༠ ལོར་བཙན་བྱོལ་ནང་མང་གཙོ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་དྲན་རྒྱས་པ་ཞིག་ཀྱང་སྲུང་བརྩི་ཞུ་འཆར་ཡོད་པ་བཅས།
མཐའ་དོན་འཛམ་གླིང་ཞི་བདེའི་དེད་དཔོན། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་ཀྱི་མང་གཙོའི་ལམ་བཟང་སྲ་བརྟན་གོང་འཕེལ་ཐོག བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢ ལ།། །།