༄༅། །དེ་རིང་འདིར་སྐུའི་འཁྲུངས་སྐར་དུས་ཆེན་གྱི་རྟེན་འབྱུང་དགའ་སྟོན་མཚར་དུ་དངར་བ་སྐྱོང་བཞིན་པའི་མཛད་མགོན་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་པ་གཞིས་བྱེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་སྒོ་གསུམ་མི་ཕྱེད་དད་པས་ལྷ་ཕྱག་གྲངས་མེད་སྔོན་དུ་སོང་ནས། དཔལ་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་དང་། དཔལ་ལྡན་རང་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་ཆེན་མོས་དབུས་ཁྲིམས་ཞིབ་པ་ལས་ཟུར་རྣམ་པ། དཔལ་ལྡན་བཀའ་བློན་ཁྲི་པས་དབུས་བཀའ་བློན་ལས་ཟུར་རྣམ་པ། རང་དབང་ལྡན་པའི་ལས་ཁང་ཁག་གི་འགན་འཛིན་རྣམ་པ། བཀུར་འོས་ཡབ་གཞིས་སྐུ་འཁོར་རྣམ་པ། དྲུང་ཆེ་ཆུང་གིས་དབུས་གཞུང་ཞབས་ལས་ཟུར་རྣམ་པ། རྡ་ས་ས་གནས་འཐུས་ཚོགས་དང་། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་། གཞན་ཡང་འདིར་འདུས་རྒྱ་ཆེའི་མང་ཚོགས་བརྒྱུད་གཞིས་བྱེས་བོད་མི་ཡོངས་ལ་བཀྲིས་དགའ་བ་འབུམ་ལྡན་གྱི་ཉིན་མོ་འདིར་གུས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དགའ་སེམས་འཁོལ་བའི་ངང་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཐུགས་རྗེའི་གཏེར་ཆེན། འགྲོ་བ་ཡོངས་ལ་མ་འདྲིས་པའི་མཛའ་བཤེས་ཆེན་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ལྷར་བཅས་སྲིད་ཞིའི་རྣམ་འདྲེན་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་བོད་ཤིང་ཕག་ཟླ་ ༥ ཚེས་ ༥ དང་། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་ཀྱི་མངའ་ཁུལ་མདོ་སྨད་ས་ཡི་ཐིག་ལེར་ཡབ་ཡུམ་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པའི་སྲས་སུ་ལེགས་པར་སྐུ་བལྟམས་ཏེ་རང་ལུགས་དགུང་གྲངས་ ༧༡ དང་། ཕྱི་ལུགས་ལྟར་ན་དགུང་གྲངས་ ༧༠ ལ་ཕེབས་པའི་འཁྲུངས་སྐར་གྱི་བསྐལ་བཟང་དགའ་སྟོན་གྱི་ཉིན་མོ་ཞིག་ཡིན་པ་དང་། བོད་ཀྱི་ཆབ་སྲིད་གནས་བབ་ཛ་དྲག་གཉན་འཕྲང་ཅན་ལས་སྐྱོབ་ཆེད་གཟིགས་པ་ལྔ་ལྡན་གྱི་སྒོ་ནས་མ་སྔ་མ་ཕྱི་མེད་པར་བསམ་བཞིན་མིའི་སྲིད་པ་བཟུང་ཞིང་། རང་ཅག་རྣམས་ཀྱི་མགོན་དཔུང་དམ་པར་འཚོ་ཞིང་གཞེས་པ་དང་། ད་ཕན་ལོ་ངོ་བཅུ་ཕྲག་ལྔ་ལྷག་ཙམ་རིང་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་བོད་མིའི་འཕྲལ་ཡུན་ཕན་བདེའི་བསྒྲུབ་བྱ་རྩ་དོན་རང་ཡུལ་རང་དབང་སླར་གསོ་མཛད་ཕྱོགས་ལ་སྨན་པའི་མཛད་འཕྲིན་མཐའ་ཡས་པ་ཞིག་བསྐྱངས་དང་སྐྱོང་བཞིན་པར་བརྟེན་གུས་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་བཀྲིན་བླ་མེད་དུ་ཆེ་ཞེས་ལན་བརྒྱར་ཞུ་བ་དང་སྦྲགས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། མཛད་འཕྲིན་ཡར་ངོའི་ཟླ་ལྟར་གོང་འཕེལ་ཡོང་བའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་ཡིན།
༸གོང་ས་མཆོག་ནི་སྐུ་གཞོན་ནུའི་དུས་མཁས་བཙུན་བཟང་གསུམ་དམ་པའི་རང་རྟགས་གསལ་མངོན་ཐོག ༧རྒྱལ་དབང་པད་དཀར་འཆང་བ་རིམ་བྱོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་། བོད་སྐྱོང་ལྷ་སྲུང་གཉེར་གཏད་རྣམས་ཀྱིས་རྡོ་རྗེའི་བཀའ་ལུང་། ལྷག་པར་རྒྱལ་ཚབ་ར་སྒྲེང་རིན་པོ་ཆེས་ལྷ་མོའི་མཚོ་གཟིགས་དན་རྟགས་སོགས་དགོངས་པ་རྩེ་མཐུན་གྱིས་རྒྱལ་བའི་ཡང་སྲིད་འཁྲུལ་བྲལ་ངེས་བརྙེད་བྱུང་མཚམས་ཕྱི་ལོ་ ༡༩༣༩ དགུང་གྲངས་བཞིའི་ཐོག་རང་གི་སྐྱོང་ཡུལ་ལྷ་ལྡན་ཆོས་ཀྱི་ཞིང་སར་གདན་ཞུ་དང་། དེ་རྗེས་ཕྱི་ལོ་ ༡༩༤༠ ལོར་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཞུས། རིགས་ཀྱི་ཅོད་པཌྷ་དུ་མའི་དྲུང་ནས་བོད་ཀྱི་ཐོུང་མ་ཡིན་པའི་བཅུ་ཕྲག་རིག་པའི་གནས་མཐའ་དག་དང་། ལྷག་པར་གཞུང་ཆེན་ཀ་པོད་ལྔ་ལ་སོགས་པ་མདོ་རྒྱུད་གཞུང་ལུགས་རབ་འབྱམས་རྒྱ་མཚོར་གསན་བསམ་སློབ་གཉེར་ཕ་མཐར་སོན་ཏེ་ལུང་རིགས་་བའི་མཁས་མང་འདུས་པའི་དབུས་སུ་གྲྭ་བསྐོར་དམ་བཞེས་དང་འབྲེལ་དགེ་བཤེས་ལྷ་རམ་པའི་མཚན་གནས་བཞེས་ཏེ་གངས་ཅན་མཁས་པའི་གཙུག་ཏུ་བཀུར། གསང་སྔགས་ཀྱི་དབང་ལུང་ཁྲིད་གསུམ་བུམ་པ་གང་བྱོའི་ཚུལ་དུ་གསན་བསམ་སྒོམ་གསུམ་ཡ་མ་འབྲལ་བར་ཉམས་ལེན་ཚུལ་བཞིན་གནང་བ་མ་ཟད། རིས་མེད་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་བཞེས་ལྟར་༸གོང་ས་མཆོག་ནས་ཀྱང་རིས་སུ་མ་ཆད་པའི་རྒྱལ་བསྟན་མཐའ་དག་ལ་ཐུགས་དམ་གྱི་མཐིལ་དུ་འཇོག་གནང་དང་དད་པ་དག་སྣང་གིས་གསན་བསམ་དཔྱིས་ཕྱིན་མཛད་པས་ཡོངས་རྫོགས་བསྟན་པའི་མངའ་བདག་ཆེན་པོར་གྱུར་པ་མ་ཟད། བོད་ཀྱི་ཆོས་ལུགས་ནང་ཁུལ་དམ་ཚིག་ལར་རྒྱ་སྲ་བརྟན་འབྱུང་ཐབས་ཀྱི་ས་བོན་བསྐྲུན།
ཕྱི་ལོ་ ༡༩༤༩ ནས་བཟུང་རྒྱ་དམར་དྲག་དཔུང་གིས་བོད་ཀྱི་ཤར་ཕྱོགས་ས་མཚམས་སུ་བཙན་གནོན་དཔུང་འཇུག་བྱེད་སྒོ་སྤེལ་ཏེ་བོད་ཀྱི་ཆབ་སྲིད་གནས་སྟངས་སྣུམ་ཟད་མར་མེའི་ངང་ཚུལ་ལྟར་ཛ་དྲག་གཉན་འཕྲང་གི་གནས་སུ་གྱུར་པ་ན། བོད་མི་རྣམས་ཀྱི་སྐྱབས་དང་རེ་ལྟོས་ཞུ་ས་མགོན་པོ་གང་ཉིད་ལས་གཞན་དུ་མ་མཆིས་སྟབས་བོད་ཀྱི་ལྷ་སྡེ་མི་སྡེ་རྣམས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བསྐྱེད་བཞེས་ཡོང་བའི་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྐབས་དེར་༸གོང་ས་མཆོག་དགུང་གྲངས་བཅུ་དྲུག་ལས་མ་སོན་ཡང་ཐུགས་འཇིགས་ཞུམ་དང་བག་ཚ་མེད་པར་སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཙན་པོས་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་ལུགས་གཉིས་ཐུགས་འགན་བདག་གིར་བཞེས་མ་ཐག་སྤྱི་ཚོགས་ལེགས་བཅོས་ལས་ཁུངས་ཟུར་བཙུགས་ཀྱིས་མང་ཚོགས་ལ་བརྡབ་མནར་ཆེ་བའི་རྒྱུན་སྲོལ་ཁྲལ་རིགས་རྣམས་དུས་བསྟུན་ལེགས་བཅོས་གཏན་འབེབས་དང་། སྤྱི་ཚོགས་རྙིང་པའི་སྐབས་ཀྱི་བུན་རྙིང་ཁག་རྩ་ཆག་གུ་ཡངས་བསྩལ་བ་སོགས་བོད་འབངས་ཉམ་ཐག་རྣམས་བྱམས་བརྩེས་བདེ་བར་འཚོ་གཟིགས་བསྐྱངས། བོད་ཀྱི་ཆབ་སྲིད་འཛིན་སྐྱོང་ལས་སྒོ་གང་ཅིར་དེང་དུས་མང་གཙོའི་འགྲོ་ལུགས་དང་མཐུན་པའི་སྒྱུར་བཀོད་སྒོ་གང་ས་ནས་མཛད་པ་མ་ཟད། བོད་ལྗོངས་རང་དབང་སྔ་སོར་ཆུད་ཐབས་སུ་རྒྱ་གཞུང་རང་ལ་མེས་འཚིགས་མེར་བཏུགས་ཀྱིས་འབྲེལ་ལམ་དང་། ལྷག་པར་བོད་སྡོད་རྒྱ་རིགས་ཞི་དྲག་འགོ་ལས་རྣམས་ལ་ལོ་དགུའི་རིང་ཐབས་མཁས་ཐུགས་རྗེས་འབྲེལ་ལམ་བསྟུན་མཁས་མཛད་པས་མི་བསད་ཁྲག་སྱོར་ལས་སྐྱོབ་ཐུབ་པ་བྱུང་། མཐར་རྒྱ་དམར་གྱི་དབང་སྒྱུར་ཤོག་བུར་སྣུམ་ཁྱབ་བཞིན་བོད་ས་ཡོངས་རྫོགས་བཙན་བཟུང་ཟིན་སྟབས་༸གོང་ས་མཆོག་སྟོན་འཁོར་དང་། བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་འཕགས་པའི་ཡུལ་དུ་སྲིད་དོན་སྐྱབས་བཅོལ་ལ་མ་ཕེབས་མཐུ་མེད་བྱུང་བ་དང་། སྐབས་དེར་ངོ་ཤེས་ས་གནམ་གྱི་དཔེ་ཟླའི་ངང་ཚུལ་ལྟར་ཡིད་སྐྱོའི་རང་བཞིན་དུ་གྱུར་པ་དང་། ཕྱི་རྒྱལ་གྱི་ཤེས་ཡོན་འཛོམས་པའི་མི་སྣ་དཀོན་ཞིང་། དཔལ་འབྱོར་གྱི་གནས་སྟངས་ཐ་ཞན་དབང་གིས་གཞན་རེ་སྟབས་བསྟུན་ཁོ་ན་གནང་དགོས་པ་སོགས་གང་ཅིའི་དཀའ་ངལ་ཆེ་འཕྲད་ཡོད་ཀྱང་། ཐུགས་སྟོབས་ལྷག་པར་འཕེལ་ཏེ་རང་ཡུལ་རང་དབང་སླར་གསོའི་སླད་སྐྱབས་བཅོལ་གཞུང་གི་སྒྲིག་འཛུགས་ཆེད་བཙུགས་གནང་། དེ་ཡང་བོད་མིའི་ཆབ་སྲིད་རང་བཞིན་རང་དབང་མང་གཙོ་ཅན་དུ་འགྱུར་རྒྱུའི་དགོངས་བཞེས་སྔོན་ཡོད་ལྟར་ཕྱི་ལོ་ ༡༩༦༠ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསར་བཏོད་དང་། ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་རྒྱས་པ་གསལ་བསྒྲགས་བསྐྱངས་པ་མ་ཟད། དེ་རྗེས་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་རྒྱ་བསྐྱེད་དང་སྦྲགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གསལ་བསྒྲགས་དང་། རང་གཞུང་འཕྲིན་ལས་ཀྱི་བྱེད་པོ་བཀའ་བློན་ཁྲི་པ་དང་བཀའ་བློན་འདེམས་བསྐོ་གནང་ཕྱོགས་སོགས་སྐོར་ལེགས་ཆའི་སྒྱུར་བཀོད་རིམ་པར་མཛད་སྟབས་དེང་སྐབས་བོད་མིའི་མང་གཙོ་མཚན་ཉིད་ཚང་ཞིང་། ཡར་རྒྱས་མདུན་བསྐྱོད་ཐུབ་པ་བྱུང་ཡོད། བོད་མིའི་ངོ་བོ་མཚོན་པའི་ཆོས་དང་། རིག་གཞུང་། ཡུལ་གོམས་གཤིས་ལུགས་སོགས་མི་ཉམས་རྒྱུན་འཛིན་དང་། བོད་མི་རྣམས་རང་བཞིན་ཁ་འཐོར་དུ་མི་འགྲོ་བའི་ཆེད་བོད་མིའི་གཞིས་ཆགས་ཁག་དང་། གཏན་ཉིན་སློབ་གྲྭ་ཁག ཆོས་སྒར་ཁག་བཅས་རིམ་བཙུགས་གནང་བས་འཛམ་གླིང་ནང་བཙན་བྱོལ་བ་ཇི་སྙེད་ཅིག་ཡོད་པའི་ནང་ནས་མི་འདྲ་བར་སྒྲིག་འཛུགས་ལྡན་པའི་ཡར་རྒྱས་འབུར་ཐོན་གྱིས་ཀུན་གྱི་བསྔགས་ཡུལ་དུ་གྱུར་པ་དང་། ཁྱད་པར་བོད་ཕྲུག་རྣམས་ལ་ཤེས་ཡོན་སློབ་སྤེལ་ལས་གཞིའི་ཐོག་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་ཏེ་དེང་སྐབས་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་། སློབ་གྲྭ་ཁག་གི་དགེ་རྒན་ལས་བྱེད། གཞན་ཡང་བོད་མིའི་སྒྲིག་འཛུགས་གཞན་གྱི་འགོ་ལས་སོགས་ཕྱི་ནང་སྲི་ཞུའི་ལས་བྱེད་པ་རྣམས་ཀྱི་ཁོངས་བརྒྱ་ཆ་ ༩༥ བཙན་བྱོལ་ནང་ཤེས་ཡོན་སྣེ་འཛོམས་སྱང་འབྲས་ཐོན་པའི་འདབ་གཤོག་གཉིས་ལྡན་དང་། ལྷག་བསམ་སེམས་ཁུར་ཅན་རང་མི་རང་ལས་གནང་མཁན་ཡིན་པས་གཞན་ལ་ངོམས་སུ་ཆོག་པ་མ་ཟད། རང་དབང་འཐབ་རྩོད་ཀྱི་གཞི་བརྟན་ལེགས་ཚུགས་བྱུང་ཡོད།
བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་ལ་མཚོན་ནའང་། ༡༩༧༨ ལོ་མཇུག་ནས་བོད་རྒྱའི་འབྲེལ་ལམ་འགོ་འཛུགས་ཐོག བོད་ཕྱི་ནང་འགྲོ་འོངས་ཀྱི་ལམ་སྒོ་ཕྱེས་པའི་གོ་སྐབས་དང་བསྟུན་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་གནས་སྟངས་རྟོག་ཞིབ་སླད་འཚམས་གཟིགས་སྐུ་ཚབ་དང་། བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་སྐྲུན་ཆེད་རྒྱ་ནག་ཏུ་ཆེས་མཐོའི་སྐུ་ཚབ་སྔ་རྗེས་ཆེད་གཉེར་བསྐྱངས་པ་མ་ཟད། བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སུ་དགོངས་ཡངས་དཀྱེལ་ཆེའི་སྒོ་ནས་ཨ་རིར་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང་། སི་ཊ་སི་སྦག་ཏུ་ཞིབ་འགྲེལ་གསུང་བཤད་བཅས་བསྩལ་བའི་སྙིང་པོར་བོད་རྒྱ་གཉིས་གནའ་འབྲེལ་གྱི་འབྲེལ་ལམ་མུ་མཐུད་གནས་ཏེ་ཁ་བྲལ་མ་དགོས་པ་དང་། བོད་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་གི་གནས་བབ་ཚད་མཐོ་མིང་དོན་མཚུངས་པ་ཞིག་འབྱུང་ཐབས་སོགས་དབུ་མའི་ཐབས་ལམ་ལྷུར་བཞེས་ཀྱིས་རྒྱ་ནག་གཞུང་ལ་འབྲེལ་ལམ་ལན་དགུ་ཆད་མཐུད་གནང་བཞིན་པ་མ་ཟད། ལོ་ཤས་གོང་འབྲེལ་ལམ་བསྐྱར་གསོ་བྱུང་རྗེས་རྒྱ་ནག་དང་། བོད་ཀྱི་ས་ཁུལ་གང་འཚམས་ལ་འབྲེལ་མཐུད་སྐུ་ཚབ་ཚོགས་ཆུང་སྔ་རྗེས་སུ་ངོ་ཕེབས་འབྲེལ་མོལ་གནང་བ་དང་། སྐུ་ཚབ་ཐེངས་བཞི་པ་རྒྱ་ནག་གཞུང་གི་འཐབ་ཕྱོགས་གཅིག་འགྱུར་བློན་ཆེན་གཞོན་པའི་ལྷན་དུ་སུད་སིའི་རྒྱལ་ས་བྷན་ལ་གླེང་མོལ་བྱུང་བར་གྲུབ་འབྲས་བཟང་ངན་ཇི་བྱུང་རྗེས་སུ་ཤེས་རྟོགས་ཡོང་རྒྱུ་ཡང་གོམ་སྟབས་སྤོས་པ་དེས་བཟང་ཕྱོགས་ཀྱི་འགྱུར་བ་ཤུགས་ཆེ་ཙམ་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། དེང་སྐབས་བོད་ཀྱི་ཆབ་སྲིད་གནས་བབ་འཛམ་གླིང་ཆབ་སྲིད་བབ་སྟེགས་ཐོག་ཚད་མཐོར་གྱུར་སྟབས་སྟོབས་ཆེན་རྒྱལ་ཁབ་དབར་འབྲེལ་མོལ་སྐབས་སུས་ཀྱང་སྣང་ཆུང་བསྐྱུར་འཇོག་བྱེད་ཐབས་མེད་པ་ཆགས་ཡོད།
དེང་གི་ཆར་སྙིགས་ལྔའི་རང་མདངས་ཆེས་ཆེར་བདོ་བའི་སྐབས་འདིར་འཛམ་གླིང་སྤྱིའི་སྐྱེ་འགྲོ་རྣམས་ཕན་ཚུན་འགལ་འདུའི་འཁྲུག་རྩོད་མེད་ཅིང་། ཆོས་འབྱོར་བདེ་སྐྱིད་རང་དབང་གིི་དཔལ་ལ་རོལ་ཆེད་ཤར་ནུབ་རྒྱལ་ཁབ་དུ་མར་ཞབས་ཀྱི་པལྨོ་ལན་གཅིག་མིན་པར་ཡང་ནས་ཡང་དུ་རྣམ་པར་བཀོད་དེ་ནང་ཆོས་ཀྱི་སྙིང་པོ་འཚེ་མེད་ཞི་བའི་ཐབས་ཚུལ་དང་། བྱམས་པ་དང་སྙིང་རྗེ། གཞན་ཕན་བྱང་སེམས། རང་ལས་གཞན་གཅེས་པའི་བསླབ་བྱ་རྣམས་བདག་ཅག་གི་སྟོན་པས་ཇི་ལྟར་གདམས་པ་བཞིན་ཉམས་མྱོང་དམར་ཁྲིད་མཛད་པ་དང་། དེ་བཞིན་འཛམ་གླིང་ནང་ཆོས་ལུགས་མི་འདྲ་བའི་བླ་ཆེན་མི་དྲག་རྣམས་ཡང་ནས་ཡང་དུ་མཇལ་འཕྲད་ཆེ་བསྟོད་བཀུར་རེས་ཀྱིས་ཆོས་ལུགས་ཕན་ཚུན་ཐུགས་མཐུན་དམ་གཙང་དང་། འཛམ་གླིང་ནང་ཞི་བདེ་ཡུན་གནས་འབྱུང་ཐབས་ཀྱི་གཞེན་སྐུལ་བཀའ་བགྲོས་མཛད་དང་མཛད་མུས་ཀྱིས་མཚོན་འཛམ་གླིང་ཁྱོན་ཡོངས་ཀྱི་ཞི་བདེ་ལྷིང་འཇགས་ཀྱི་དགོངས་བཞེས་མཛད་ཕྱོགས་ལའང་ཡིད་དབང་འཕྲོགས་ཏེ་ཆེས་སྙན་པར་གྲགས་པའི་ནོ་སྦལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ཤིང་། འཇིག་རྟེན་དེད་དཔོན་ཆེན་པོར་མངའ་གསོལ་གྱིས་མཚན་སྙན་གྱི་བ་དན་ཕྱོགས་དུས་ཀུན་ཏུ་ལྷབ་ལྷུག་ཏུ་གཡོ་ཞིང་། འདིའི་བཟང་འབྲས་སུ་བོད་དོན་བདེན་པའི་གནས་ལུགས་རྣམས་འཛམ་གླིང་མང་ཚོགས་ནས་གོ་དོན་ལེགས་རྟོགས་ཀྱི་ཕན་གྲོགས་སུ་གྱུར་ཏེ་བོད་དོན་ཐོག་ཤ་ཚ་སེམས་ཁུར་གྱི་རྒྱབ་སྐྱོར་དབྱར་གྱི་ཆུ་གཏེར་བཞིན་ཉིན་རེ་ནས་ཉིན་རེ་འཕེལ་རྒྱས་འགྲོ་བཞིན་པ་སོགས་༸གོང་ས་ཆེན་པོོའི་རྨད་བྱུང་མཚན་སྙན་མཛད་འཕྲིན་ཁོ་ན་ལས་བྱུང་བ་མ་ཟད། བོད་ལྗོངས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་ཏེ་མི་ལོ་ ༥༥ འཁོར་ཉེ་སོགས་མདོར་ན་༸གོང་ས་ཆེན་པོས་སྐུ་ཚེ་ཧྲིལ་པོར་བསྟན་འགྲོ་སྤྱི་དང་། ཁྱད་པར་བོད་དོན་ལ་ཐུགས་བརྩེ་གཅིག་ཏུ་གཞོལ་བའི་བཀའ་དྲིན་ནི་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་རིན་ཆེན་གྱིས་བཀང་སྟེ་ཕུལ་ཀྱང་བཀའ་དྲིན་གསབ་ཡུལ་ལས་འགོངས་ནའང་། བཀའ་དྲིན་ཕྲ་མོ་ཙམ་གསབ་ཕྱིར་འདི་ལོ་སྐུའི་འཁྲུངས་དུས་དམིགས་བསལ་ཟབ་གཟེངས་སྲུང་བརྩིའི་ལས་རིམ་ཁག་ལག་ལེན་ཞུ་བཞིན་པ་དང་། འདི་ལོ་ཕྱི་ཟླ་ ༦ ཚེས་ ༨ ཉིན་བོད་གཞིས་བྱེས་ལྷ་སྡེ་མི་སྡེ་ཡོངས་ཀྱིས་བརྟན་བཞུགས་རྒྱས་པ་བསྟར་ཕུལ་ལེགས་གྲུབ་ཟིན་པ་བཞིན། སྐབས་དེར་༸གོང་ས་ཆེན་པོས་བཀའ་སློབ་གསུང་གི་བདུད་རྩི་དབུགས་དབྱུང་ཁོངས་ྙསྔོན་གྱི་རྒྱལ་དབང་གོང་མ་རྣམས་དང་། པཎ་ཆེན་སྐུ་ཕྲེང་གོང་མ་ཚོའི་ནང་སྐུ་ཚེ་རིང་ཤོས་བཞུགས་མཁན་༧རྗེ་དགེ་འདུན་གྲུབ་པ་དགུང་ལོ་བརྒྱད་ཅུ་སྐོར་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་དགུང་ལོ་བརྒྱ་དང་བརྒྱད་ཙམ་བཞུགས་ཡོད། ངོས་ལ་སྐྱེ་འཆིའི་རང་དབང་མེད་ཀྱང་རིང་འཚོའི་སྨོན་ལམ་རྒྱག་གི་ཡོད། རྣམ་ཀུན་ངོས་ཀྱི་བསམ་པར་བོད་གངས་ཅན་གྱི་ད་ལྟའི་གནས་སྟངས་འདི་འདྲ་ཞིག་གི་འོག་ངོས་རང་ཚེ་མ་བརྟན་ན་འགྲིགས་མ་སོང་བསམ་པའི་སྒོ་ནས་རིང་འཚོའི་སྨོན་ལམ་དུས་རྟག་ཏུ་རྒྱག་གི་ཡོད་ལ། འཕེན་པ་ཡང་གང་མང་གཏོང་གི་ཡོད་ ཅེས་སོགས་བཀའ་བཞེས་བཟང་པོ་སྤྱི་བོར་སྨིན་བསྩལ་བྱུང་བར་བརྟེན་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་བཀྲིན་བླ་ཆེད་དུ་ཆེ་ཆེ་ཆེ་ཞེས་ལན་བརྒྱར་ཞུ་རྒྱུ་མ་ཟད། མུ་མཐུད་བཀའ་སློབ་ཕེབས་དགོངས་སུ་ྙཁྱེད་རང་ཚོས་ཀྱང་ཐུགས་སྨོན་གནང་ནས་རང་རེ་ཕན་ཚུན་བླ་མ་དང་སློབ་མའི་དམ་ཚིག་གི་འབྲེལ་བ་ཡོད་དུས་དམ་ཚིག་ནི་ཧ་ཅང་གལ་ཆེན་པོ་ཡིན་ ཞེས་དང་། ྙཇི་ཙམ་གྱིས་རང་ཅག་བླ་སློབ་ཕན་ཚུན་དམ་ཚིག་གིས་ཐུབ་པ་དང་། བརྟན་པོ། གཡོ་བ་མེད་པ་བྱུང་བའི་ཚོད་ཀྱིས་ཚང་མའི་ཚེ་དང་བསོད་ནམས་གོང་ནས་གོང་དུ་འཕེལ་བར་ཕན་གྱི་ཡོད། ད་དུང་ཡིན་ཡང་ཚང་མས་ཆོས་ལུགས་ཀྱི་འཐེན་འཁྱེར་བྱེད་པ་དང་། ཆོལ་ཁ་ལུང་ཚན་གྱི་འཐེན་འཁྱེར་བྱེད་པའི་ཕྱོགས་སུ་མ་སོང་བར་དོན་དག་ཆེ་ས་དང་། ཕུགས་རྒྱང་རིང་སར་བསམ་བློ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་ སོགས་བཀའ་སློབས་ཕེབས་པ་བཞིན་བོད་མི་རྩམ་གཟན་རྣམས་ནས་ཆོལ་ཁ་ལུང་ཚན་དང་། ཆོས་ལུགས་ནང་ཁུལ་ཕྱོགས་རིས་འཐེན་ཁྱེར་ཡོངས་སུ་སྤངས་ཏེ་མཐུན་ལམ་འོ་ཆུ་ཆིག་སྒྲིལ། ཕྱི་ནང་དགྲ་བོའི་དཀྲུག་ཤིང་དབྱེན་སྱོར་ལ་ཧོལ་རྒྱུགས་སུ་མ་སོང་བར་རང་ཚུགས་སྤྱང་གྲུང་འཛོམས་པ་དང་། ཁྱད་པར་༸གོང་ས་ཆེན་པོས་དུས་གསུམ་གསལ་གཟིགས་ཀྱིས་མ་ཡིས་བུ་ལ་ཇི་ལྟར་གདམས་པའི་ལམ་སྟོན་བཀའ་སློབ་རྣམས་ཐོད་བཅིངས་ཀྱིས་བཀའ་བཞིན་བསྒྲུབ་པ་མཆོད་པས་མཉེས་པར་བྱ་རྒྱུ་ནི་བཀྲིན་རྗེས་དྲན་དང་འཁྲུངས་སྐར་གྱི་འབུལ་མཚོན་དམ་པ་ཞིག་ཡིན་ལ། ནང་གི་ཞབས་རིམ་ཡང་ཡིན་པས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་རང་དོན་མནོ་བསམ་འཕྱུགས་མེད་གནང་གལ་ཆེ་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་ལྗོངས་རང་དབང་སླར་གསོའི་རྒྱལ་ཁ་མྱུར་དུ་སོན་པའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། ༢༠༠༥ ཟླ་ ༧ ཚེས་ ༦ བཟང་པོར་ཕུལ། །