༢༠༡༠ ཕྱི་ཟླ་ ༦ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །འདི་གར་ལྡི་ལི་བསམ་ཡས་གླིང་ནས་བཏང་གནས་ནང་གསལ། བོད་མདོ་ཁམས་སྐྱེ་རྒུ་ཁུལ་ཡུལ་ཤུལ་རྫོང་དུ་བསམ་ཡུལ་ལས་འདས་པའི་ས་ཡོམ་གྱི་འཇིག་པ་ཚབས་ཆེན་བྱུང་སྟེ་མི་གྲངས་ཧ་ཅང་མང་པོར་སྲོག་སྐྱོན་དང་དེ་ལས་ཆེས་མང་བར་རྨས་སྐྱོན་ཕོག་པ། ཐ་ན་སྡོད་ཁང་ཡན་གྱི་མཁོ་དགུའི་ཡོ་བྱད་རྩ་བརླག་ཏུ་སོང་སྟེ་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་པར། ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༤ ཚེས་ ༡༤ ཉིན་གྱི་དགོང་མོའི་ཚོུད་ ༧།༤༩ ཐོག་བོད་སྒར་བསམ་ཡས་གླིང་ཁྲོམ་གཞུང་ནས་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོས་མར་མེའི་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་གནང་བ་དང་འབྲེལ་དགོན་པ་གཉིས་ཀྱི་མདུན་དུ་མར་མེའི་མཆོད་འབུལ་གཟབ་རྒྱས་གནང་ཡོད་པ་རེད། ཕྱི་ཚེས་ ༡༥ ཉིན་ནས་སྔ་དྲོ་དགོན་པ་གཉིས་ཀྱི་མདུན་དུ་གཞིས་མི་རྣམས་ཚང་འཛོམས་ཐོག་མཆོད་འབུལ་ཞབས་རིམ་རྒྱ་གང་ཆེ་གསོག་སྒྲུབ་དང་། དེ་བཞིན་མི་མང་ནས་མར་མེ་མཆོད་འབུལ་ཆེད་ཞལ་འདེབས་བྱུང་བ་རྣམས་གོང་ཚེས་ཉིན་ནས་འགོ་བཙུགས་ཏེ་ཞག་བཞི་བཅུ་ཞེ་དགུའི་རིང་དགོན་པ་གཉིས་ཀྱི་མདུན་དུ་ཉིན་རེར་མར་མེ་བརྒྱ་མཆོད་ཉི་ཤུ་ཐམ་པ་རེ་ཕུལ་བ་དང་། འདིའི་ཐད་ཚོགས་སྐྱིད་ཁག་ནས་མ་བསྐུལ་དང་བླངས་ཀྱིས་ཕྱག་ལས་གང་འགབ་གནང་ཡོད། དེ་བཞིན་ཚོགས་སྐྱིད་སྒེར་སོ་སོའི་ངོས་ནས་ཀྱང་བརྒྱ་མཆོད་འབུལ་མཁན་ཡང་མང་པོ་བྱུང་ཡོད། མདོར་ན་ཞེ་དགུའི་རིང་མཆོད་མེ་སྟོང་ཚོ་བརྒལ་བར་ཕུལ་ཡོད་པ་རེད། སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་འོག་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་བདུན་ཚིགས་དང་པོའི་སྐབས་བསམ་ཡས་གླིང་དུ་ཟ་ཁང་དང་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་ནས་མི་མང་རྣམས་དགོན་པ་གཉིས་ཀྱི་མདུན་དུ་ཚང་འཛོམས་ཀྱིས་མཆོད་འབུལ་དང་སྨོན་ལམ་གཟབ་རྒྱས་ཚོགས་ཡོད། དེ་བཞིན་བུརྡ་བྷིཧར་ཁུལ་གནས་སྡོད་བོད་རིགས་རྣམས་ནས་ཚོང་ཁང་དང་ཟ་ཁང་སྒོ་བརྒྱབ་ནས་མཆོད་འབུལ་སྨོན་ལམ་གང་ཐུབ་གནང་ཡོད་པ་རེད། ཕྱི་ཟླ་ ༤ ཚེས་ ༢༧ ཉིན་འདས་པོ་རྣམས་ཀྱི་བདུན་ཚིགས་གཉིས་པ་འཁེལ་བ་དང་བསྟུན་དགོན་པ་གཉིས་ཀྱི་མདུན་དུ་ཉིན་རྒྱབ་ཚོུད་ ༡ ནས་ ༥ བར་མཆོད་འབུལ་དང་སྨོན་ལམ་གཟབ་རྒྱས་ཚོགས་ཡོད། དེ་བཞིན་བུརྡ་བྷིཧར་ཁུལ་དང་། བོད་ཀྱི་གཞོན་ནུ་སྡོད་ཁང་སོགས་ནས་ཀྱང་མར་མེའི་མཆོད་འབུལ་དང་སྨོན་ལམ་རྒྱས་པར་ཚོགས་ཡོད་པ་རེད། ཕྱི་ཟླ་ ༥ ཚེས་ ༤ ཉིན་བོད་སྒར་བསམ་ཡས་གླིང་དུ་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་བརྒྱབ་ནས་མི་མང་ཡོངས་རྫོགས་བོད་སྒར་བསམ་ཡས་གླིང་གི་དགོན་པ་གཉིས་ཀྱི་མདུན་དུ་སྔ་དྲོའི་ཆུ་ཚོད་ ༧།༠༠ ཐོག་ཚང་འཛོམས་ཀྱིས་མཆོད་འབུལ་དང་སྨོན་ལམ་དབུ་འཛུགས་གནང་བ་མ་ཟད། རང་གཞུང་གི་བཀའ་ཁྱབ་ལྟར་ས་གནས་ཀྱི་སྔ་དྲོ་ཚོུད་ ༧།༤༩ ཐོག་ངག་བཅད་དང་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས་རྗེས་སྔ་དྲོའི་ཆུ་ཚོད་ ༡༠ བར་མཆོད་འབུལ་དང་སྨོན་ལམ་ཚོགས་ཏེ་ཕྱི་དྲོ་ཆུ་ཚོད་ ༣ ཐོག་ཚོགས་མཆོད་དང་མི་མང་རྣམས་ལ་ཚོགས་འགྱེད་གནང་ཡོད་པ་རེད། དེ་བཞིན་བུརྡ་བྷིཧར་ཁུལ་དུ་གནས་སྡོད་བོད་རིགས་རྣམས་ནས་ཀྱང་ཚོང་ཁང་དང་ཟ་ཁང་སྒོ་བརྒྱབ་སྟེ་གོང་ཞུས་ལྟར་སྨོན་ལམ་གཟབ་རྒྱས་ཚོགས་ཡོད། ཕྱི་ཟླ་ ༦ ཚེས་ ༢ རེས་གཟའ་མིག་དམར་ཉིན་བོད་སྒར་བསམ་ཡས་གླིང་དུ་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་བརྒྱབ་ནས་མི་མང་ཡོངས་རྫོགས་བོད་སྒར་བསམ་ཡས་གླིང་གི་དགོན་པ་གཉིས་ཀྱི་མདུན་དུ་ཚང་འཛོམས་ཀྱིས་མཆོད་འབུལ་དང་སྨོན་ལམ་ཚོགས་རྗེས་མི་མང་རྣམས་ལ་ཚོགས་འགྱེད་གནང་། ཕྱོགས་མཚུངས་བུརྡ་བྷིཧར་ཁུལ་དུ་གནས་སྡོད་བོད་རིགས་རྣམས་ནས་ཀྱང་ཚོང་ཁང་དང་ཟ་ཁང་སྒོ་བརྒྱབ་སྟེ་སྨོན་ལམ་གཟབ་རྒྱས་ཚོགས་ཡོད་པ་སོགས་ཀྱི་ལས་བསྡོམས་སྙིང་བསྡུས་སུ།།